གངས།

ཐུབ་བསྟན་བཀྲ་ཤིས།        2019-12-02

    དེ་རིང་ངས་དལ་བུར་ངང་ཁྱེད་དང་མཉམ་དུ་ཁ་བརྡ་ཞིག་བྱ་ན་བསམ།

    གངས་རི་ཚར་དུ་དངར་བའི་གནས་ནས་འཚར་ལོངས་བྱུང་བའི་ཕྲན་ཆུང་ང་ལྟེ་ཁྲག་ས་ལ་འཕོས་བ་ནས་བཟུང་ཁྱེད་རང་མཐོང་མྱོང་ལ། ཁྱེད་ལ་བསྔགས་པའི་སྙན་ཚིག་དང་གླུ་དབྱངས་ཇི་སྙེད་ཅིག་རྣ་ལམ་དུའང་ཐོས་མྱོང་ཡོད། གོམས་ཐེངས་སྤོ་བ་ཚེ་ནས། ངས་ཁྱེད་ནི་ལྷ་ཡུལ་ནས་མངགས་པའི་ཕོ་ཉ་ཞིག་ཡིན་ན་བསམ་ཞིང་། ཀླུ་རྒྱལ་གྱིས་བསྩལ་བའི་དངོས་གྲུབ་ཏུ་སྒོམ།

    གཞན་ཡང་ངས་ཁྱེད་ནི་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཤིག་ཏུ་འདོད། ཁ་བའི་དབུ་ཞྭ་མནབས་པའི་ལྷུན་པོ་ལྷ་རུ་བཀུར་ཞིང་། དད་སེམས་རྣམ་མས་མཆོད་འབུལ་དང་ཞོགས་པའི་ལྷ་བསང་བཏང་བ་གྲངས་ཀྱིས་མི་ དཔོག ཁྱེད་ཀྱི་རང་མདོག་དང་རང་གཤིས་ཡོད་ཚད་ང་ཚོས་དྲི་མ་མེད་པའི་ལྷག་བསམ་གཙང་མ་དང་ཞི་དུལ་ལྷོད་འཇམ་ཞིག་ཏུ་སྒོམས།

    ཁྱེད་ལ་ངེད་ཅག་གིས་དད་པའི་ལྷག་བསམ་གྱི་མཆོད་པ་ཁོ་ནར་བྱས།

    ཡིན་ནའང་། ད་ལོ་ཁྱེད་འབོག་ཆེ་བའི་དབྱར་ཆུ་བཞིན། ངར་གྱིས་ཤོར་བའི་ཤྭ་འོད་བཞིན་མུ་ནས་མུ་རུ་བཞུར་ཏེ་ཁ་བའི་ཡུལ་ལ་ཁ་དོག་གནག་པོའི་གཏམ་རྒྱུད་བྲིས། ཁྱེད་རང་ལྷོག་ལྷོག་ཏུའཕྱོ་ཞིང་། མེར་མེར་དུ་ཟགས་དུས་རི་བོ་ཁ་བས་བགོས་ཤིང་གཙང་བ་ཁ་བས་བཅད། ལམ་ཆེན་ཁ་བས་བཀག་པས་མཐོ་སྒང་གི་གཞི་ཁྱིམ་འདི་སྐྱོ་ལྷང་ལྷང་། སྟོང་སང་སང་།

    ད་ཆ་ཁྱེད་ནི་གདོན་གྱིས་ཞུགས་པའི་མི་བུ་བཞིན་སྙིང་རྗེ་སྤུ་ཙམ་ཡང་མེད་པ་ཞིག་ཏུ་གྱུར། རང་རིགས་ལ་སྡང་བའི་སྙིང་གི་ཚེར་མ་རུ་གྱུར་ཞིང་ཉམ་ཐག་ཚེ་སྲོག་གང་མང་ཞིག་གི་ལག་དམར་དུ་ལོག. དེ་ལྟར་ཁྱེད་་ཀྱིས་ཉེས་མེད་གང་མང་ཞིག་རྔ་ལམ་དུ་བརྫངས་དུས་གྲངས་མེད་ཅིག་ཡིད་ཐང་ཆད་ཀྱང་། ཡུལ་མི་གདོང་ནག་གི་རེ་བའི་མིག་ཟུང་ཉམས།

    ཀྱེ་མ། དོན་དམ་ད་ལོ་ཁྱེད་ཅི་མ་ཉན་ནམ། སུ་ཞིག་གིས་ཁྱེད་ལ་ཕོག་ཐུབ་བཟོས་སོང་། གང་ཞིག་གིས་ཁྱེད་ལ་གུས་མེད་བྱས་སོང་། ནམ་ཞར་ངེད་ཅག་གིས་ཁྱེད་ལ་དགའ་བ་དང་དྭངས་བ་ལས་ཡོད་མིན་ལ། མཆོད་སྟོད་དང་གུས་ཕྱག་ལས་ཡོད་མིན་ཡང་།ད་ཆ་ཁྱེད་འདི་ལྟར་ངེད་ཅག་ལ་འཚེ་དགོས་དོན་ཅི། རྩྭ་གཟན་དང་འདབ་ཆགས་མང་པོ་ཞིག་གི་ཚེ་སྲོག་ལ་རྡུང་དགོས་དོན་གང་། དོན་དུ་ཁྱེད་ནི་ངེད་ཅག་གི་ལྷ་རུ་བཀུར་བའི་འདབ་དྲུག་དེ་ཡིན་ནམ།

    ད་ལོ་ཁྱེད་ཀྱིས་བཟོས་བའི་རྨ་ཁ་འདི་ངས་མཐོང་མེད་སེམས་ཀྱི་མཛའ་མོ་དེ་ཡིན་ན་བསམ། གཉིད་མེད་འཁྲུལ་བའི་རྨི་ལམ་དེ་ཡིན་ན་འདོད།

  • ལེ་ཚན་སྔོན་མ།:མཛེས་སྡུག་གི་ཕ་ཡུལ།
  • ལེ་ཚན་རྗེས་མ།:སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ལ་རོལ་མྱོང་བྱེད་སྟངས་ཤིག