གསེར་མདོག་གི་ཞོགས་ལྗོངས།

བློ་བཟང་བརྩོན་འགྲུས།        2019-11-29

ཟེར་བརྒྱའི་འཛུམ་དཀར་གྱི་ཟེགས་མ་འགྱེད་པའི།།

སྐྱ་རེངས་ལྷ་མོ་ཡིས་མགྲོན་དུ་བོས་འདྲ།།

ཚོགས་དྲུག་རྨི་ལམ་གྱི་ཉི་རྩེ་དང་བོ།།

རིན་ཆེན་བུམ་པ་བཞིན་ལག་པས་སྐྱོར་དང་།།

ལྗང་མདོག་ལྕུག་ཕྲན་གྱི་རྣམ་ཤེས་དྭངས་མོ།།

མེ་ཏོག་གཞོན་གསར་གྱི་སྐྱི་ཤ་འཇམ་པོ།།

དམར་སེར་མཛེས་སྡུག་གི་སོས་ཀ་ངོམ་དུས།།

གསེར་མདོག་ལང་ཚོ་ལ་གཅེས་པའི་སྒང་ཡིན།།

ན་ཟླས་དབྱངས་གསལ་གྱི་བང་ཁ་འགྲན་དུས།།

སློབ་རའི་མཛེས་ལྗོངས་འདི་ཅི་འདྲའི་སྐྱིད་ཨང་།།

ཕ་མེས་ཡང་མེས་ཀྱི་མགྲིན་པ་གཙང་མས།།

ཕ་ཡུལ་གངས་ལྗོངས་ལ་གླུ་ཞིག་ལེན་འགྲོ།།

ཤེལ་སྤྲིན་འདུ་འགོད་ཀྱི་ཡན་ལ་རྩེན་པའི།།

སྐྱེམས་མཆོད་རླུང་རྟ་ཡི་ཀྭི་བསོ་རིང་མོ།།

ཇོ་མོ་གླང་མ་ཡི་དབུ་རྩེར་བརྒལ་དུས།།

བདག་གི་ཕ་ཡུལ་ལ་རྒྱབ་རྟེན་མཛོད་ཅིག།།

སྦྲ་གུར་ཁྲ་ཆེམ་གྱིས་བག་ལ་དྲོ་ཞིང་།།

དུང་ཞེན་ན་ཆུང་མའི་བརྩེ་བ་ཟབ་པས།།

བདག་གི་ཚེ་རབས་ཀྱི་བག་ཆགས་དག་མ།།

ཞོགས་པའི་ཉི་གཞོན་དང་ལྷན་དུ་ཤར་ཡོད།།

ཤང་ཤང་ལི་ཆུ་ཡི་བཞུར་རྒྱུན་སྙན་ཞིང་།།

ཨ་སར་གངས་རྒན་གྱི་སྣང་བ་བརྗིད་པས།།

འབུམ་ནག་རྩྭ་ཐང་ལ་བཅངས་པའི་སེམས་པ།། 

རྟ་ཕོ་གཤོག་ཐོགས་བཞིན་འགོག་ཐབས་མི་འདུག། 

ཚངས་དབྱངས་རྒྱ་མཚོ་ཡི་མགུར་གླུ་ལེན་ས།། 

གནས་ཆེན་དགེ་བསྙེན་གྱི་སྙན་པ་འཕུར་ས།། 

སྨར་ཆེན་སྦོམ་ར་ཡིས་ཆོས་འཁོར་སྐྱོང་ས།། 

གནས་མཆོག་ལི་ཐང་ལ་ཞེ་ཞིག་འཁྲེང་ཨང་།། 

ངུར་སྨྲིག་དར་ལྕེ་ཡི་སྣེ་མོ་གཡོ་དུས།། 

སྲིད་པའི་རང་གཤིས་ཀྱི་རྟགས་ཤིག་ཡིན་མོད།། 

རིན་ཆེན་ཚེ་འབར་གྱི་སྒྲོན་མེ་རྐང་གཅིག། 

ཕ་ཡུལ་རྩྭ་ཐང་ལ་སྒྲོན་འདོད་ཆེ་སོང་།། 

མཐིང་མདོག་སྦྲ་ཆུང་གི་རྨི་ལམ་འོག་ན།། 

སྦྲང་དཀར་རྩམ་པ་ཡིས་ལང་ཚོ་གསོས་པའི།། 

རིགས་ཞེན་མེ་ཏོག་གི་གཞོན་ནུའི་ཚོགས་ལ།། 

ཉི་རྩེ་གངས་ཤར་གྱི་རེ་འདུན་བཅངས་ཡོད།། 

སྐྱེ་འཆིའི་དབུགས་གཏོང་ན་མ་ཎི་གྱེར་ཞིང་།། 

རྐང་རྗེན་དཔུང་རྗེན་གྱིས་མི་ཚེ་བརྒལ་བའི།། 

ཤ་གསེང་རུས་གསེང་ན་ཞག་རྩི་འཐུལ་མཁན།། 

ཕ་མའི་རུས་རྐང་ལ་གསེར་གྱིས་ལྷན་རོགས།།

  • ལེ་ཚན་སྔོན་མ།:ཚེ་སྲོག་གི་བདག་མོ།
  • ལེ་ཚན་རྗེས་མ།:དུང་ཞེན་ན་ཆུངགི་འགྱུར་ཁུག