མཛེས་སྡུག་གི་ཕ་ཡུལ།

ཡ་མ་ཆོས་མཚོ།        2019-11-28

    བདག་གི་ལྟེ་ཁྲག་འཕོ་ས་ནི་ཕ་ཡུལ་གཡང་སྡེ་ཕྱུག་མོ་སྟེ། དབྱར་དགུན་སྟོན་དཔྱིད་ཀུན་ཏུ་མཛེས་སྡུག་གི་ལང་ཚོ་མི་ཉམས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཡུལ་གྲུ་ཁྱད་པར་བ་ཞིག་ཡིན་པས། སྐྱེ་འགྲོ་ཐམས་ཅད་ཀྱིས་ཡིད་སྨོན་ཤོར་སའི་གནས་མཆོག་ཅིག་གོ།

    དཔྱིད་ཀྱི་སྒེག་མོ་སླེབས་པའི་དུས་སུ། ས་གཞིས་འཕྲལ་དུ་ལྗང་མདོག་གི་ན་བཟའ་མནབས་ཤིང་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཆ་སྤྲས་པས། ཕྱེ་ལེབ་ཀྱི་ཚོགས་རྣམས་ནི་མ་བོས་མགྲོན་པོ་བཞིན་དུ་སྣ་བརྒྱའི་མེ་ཏོག་ལ་འཁོར། བྱ་བྱེའུ་དང་འབའ་འབུ་སྣ་ཚོགས་ཀྱིས་དགའ་བའི་གླུ་དབྱངས་ལེན་གྱིན་རྩྭ་ཐང་གི་མཛེས་སྡུག་ཉམས་སུ་མྱོང་བཞིན་མཆིས། གཞན་ཡང་སྲོག་ཆགས་ཀུན་གྱིས་ཀྱང་དབྱངས་སྙན་སྣ་ཚོགས་དཀྲོལ་བཞིན་དུས་ཚིགས་གསར་པ་དགའ་བའི་འཛུམ་གྱིས་བསུ་བ་དང་གཉིས་སུ་མ་མཆིས་སོ།།

    དབྱར་གྱི་སྒེག་མོས་མཛེས་སྡུག་གི་ལང་ཚོ་མངོན་པའི་དུས་དེར། ཡངས་ཤིང་རྒྱ་ཆེ་ལ་གཡའ་དག་པའི་མཁའ་དབྱིངས་ནས་རབ་དཀར་ཞོ་གསར་ལྟ་བུའི་ཆུ་འཛིན་དཀར་པོ་ཚོམ་བུ་དང་ཚོམ་བུ་བྱས་ནས་ལྡང་ཞིང་། རི་དང་ལུང་པ་ཀུན་གྱི་རྩྭ་དང་རྩི་ཤིང་རྣམས་ལྗང་མདོག་གི་ལྭ་བ་མཐུག་པོས་གཡོགས་ཡོད་པས། བདག་གི་ཕ་ཡུལ་འདི་ཡིད་དུ་འོང་བའི་གཡུ་ཡི་འཇིག་རྟེན་ཞིག་དང་ཀུན་ནས་མཚུངས།

    རིན་ཆེན་གཡུ་ཡི་ཁུ་བས་བྱུགས་པའི་སྤང་ལྗོངས་སྔོན་མོའི་སྟེང་དུ་སྐར་ཚོགས་ས་ལ་ལྷུང་པ་ལྟ་བུའི་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཅིང་། བགྲང་གིས་མི་ལང་པའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་གྱིས་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་ཡོད། སྟོན་གྱི་བདག་མོ་སླེབས་བྱུང་། ནོར་འཛིན་བུ་མོས་གསེར་མདོག་གི་ན་བཟའ་གསར་པ་མནབས་པས། རི་ལུང་ཐམས་ཅད་གསེར་ཞུན་ཁུ་བས་བྱུག་པ་ལྟར་སེར་ལམ་མེར་གྱུར་ཞིང་འབྲས་ལྡན་གྱི་ལྗོན་ཤིང་ཐམས་ཅད་ཀྱང་འབྲས་བུའི་ཁུར་གྱིས་དུད་དེ་མགོ་བོ་ཐུར་དུ་གུག་ཅིང་གནས། སྒོ་ཕྱུགས་རྣམས་ཀྱིས་ཀྱང་ཤ་ཤེད་ངོམ་བཞིན་མཆོང་ལྡིང་གི་གར་ལ་རྩེན་པས། འབྲོག་པ་མང་ཚོགས་ཀྱི་གདོང་ལ་དགའ་བདེའི་སྤྲོ་སྐྱིད་ཀྱི་མདངས་ཤིག་ཤར་ཏེ། དཀར་གསུམ་གྱི་ཟས་མཆོག་ལ་རོལ་བཞིན་ཡོད། 

    དགུན་གྱི་རྒྱལ་མོ་རྔམ་སྟབས་ཀྱིས་སླེབས་བྱུང་ལ། ཁ་བའི་མེ་ཏོག་ལྷབ་ལྷུབ་ཏུ་བབས་པས། ས་གཞི་མ་ལུས་དངུལ་དཀར་གྱིས་གཡོགས་པ་ལྟར་འདུག རྩེ་མོ་དགུང་ལ་བསྙེགས་པའི་རི་བོ་ཀུན་ཡང་དངུལ་གྱི་ཀ་བ་མང་པོ་ལྟར་བརྗིད་ཆགས་ངང་གནས་ཤིང་། ཆུ་ལའང་རྔམ་མཐུག་པའི་ཆབ་རོམ་ཆགས་ཏེ་ཤེལ་གྱི་གུར་ཁང་ཕུབ་པ་དང་གཉིས་སུ་མ་མཆིས། སྐབས་དེར། གཅེས་སུ་འོས་པའི་ཕ་ཡུལ་ལ་སྔར་ལས་ལྷག་པའི་ལང་ཚོ་གསར་པ་ཞིག་བསྣན་ལ། དངུལ་དཀར་གྱི་ཞིང་ཁམས་ཤིག་དང་ཀུན་ནས་མཚུངས་པར་བྱས། 

    འདི་ནི་བདག་གི་ཕ་ཡུལ་གཡང་སྡེ་ཕྱུག་མོ་ཡིན་ཏེ། ཁྱེད་ནི་དུས་ཚིགས་རེ་ལ་བཞིན་རས་ཀྱི་རྣམ་པ་མི་འདྲ་ཡང་། ཡུལ་མི་ཐམས་ཅད་ཁྱེད་ཀྱི་མཛེས་ཉམས་ལ་དགའ་ཞིང་དུང་། མཛེས་སྡུག་ལྡན་ལ་གཅེས་སུ་འོས་པའི་ཕ་ཡུལ་ཁྱེད་ཀྱི་ཡིད་འོང་གི་ལང་ཚོ་འདི། ནམ་ཡང་འགྱུར་མེད་རྟག་བརྟན་ཡོང་བར་སྙིང་གཏིང་ནས་ནམ་ཡང་སྨོན་པར་འདོད་དོ།།

  • ལེ་ཚན་སྔོན་མ།:ཉི་མ་ལྷ་སར་མཇལ་བ།
  • ལེ་ཚན་རྗེས་མ།:གངས།