སློབ་གྲོགས།

མཚོ་ཐར།        2019-11-28

ཀྭ་ཡེ་གསོན་དང་བརྩེ་བའི་སློབ་གྲོགས་ཚོ།།

ཁ་ནས་མ་འོངས་ཟེར་བཞིན་མི་འདུག་པར།།

ག་ལེར་སྦྱོང་བ་ཅུང་ཞིག་བྱེད་འདོད་ན།།

ང་ཚོའི་དགེ་རྒན་རྣམ་གྱི་ཁ་ལ་ཉོན།།


ཅ་ཅོའི་འཆལ་གཏམ་མང་པོར་མི་ཉན་པར།།

ཆ་ལུགས་བཟང་པོ་དག་ལ་ནན་གྱིས་སྦྱོངས།།

ཇ་ཁང་ཆང་ཁང་ལ་སོགས་མི་འགྲིམ་པར།།

ཉ་གང་ཟླ་བར་འགྲན་པའི་འབད་འབུངས་བྱོས།།


ཏ་ལེན་ཕྲག་པར་ཁུར་བའི་གཅེས་ཕྲུག་ཚོ།།

ཐ་ཤུལ་མ་རབས་རྣམས་ཀྱི་རྗེས་མ་འབྲང་།།

ད་ནས་བཟུང་སྟེ་ཤེས་བྱ་ལེགས་པར་སྦྱོང་།།

ན་གཞོན་ཁྱེད་ཚོའི་བདེ་སྐྱིད་དེ་ལས་འབྱུང་།།


པ་སྡེ་ལ་སོགས་རང་གི་སྲོག་ལྟར་སྐྱོང་།།

ཕ་མའི་ཁ་ཏ་སེམས་ལ་ནན་གྱིས་ཟུངས།།

བ་གླང་ལྟ་བུའི་མི་ཞིག་མི་བྱེད་པར།།

མ་ལོ་རྣམས་ཀྱིས་ཡིད་ཆེས་བརྟན་པོ་ཡོད།།


ཙ་རི་ལ་སོགས་ས་ཆ་གར་སོང་ཡང་།།

ཚ་གྲང་དཀའ་སྤྱད་སོགས་ལ་མི་སྐྲག་པར།།

ཛ་ཏི་ལྟ་བུའི་འབྲས་བུ་ཐོབ་པའི་ཕྱིར།།

ཝ་མོ་ལྟ་བུའི་མི་ལ་འགྲོགས་མི་རུང་།།


ཞ་ར་དམུས་ལོང་རྣམས་ལ་རོགས་རམ་དགོས།།

ཟ་མ་ངན་ངོན་དག་ལ་མི་སྤྱོད་པར།།

འ་འུར་མི་ཚོགས་འདུས་པའི་ཁྲོམ་ར་ནས།།

ཡ་རབས་ཚུལ་དང་ལྡན་རྒྱུ་མ་བརྗེད་རོགས།།


ར་མ་ལུག་གི་སྐད་ལྟར་མི་བསྲེས་པར།།

ལ་ལུང་གང་དུ་སོང་ཡང་ཕ་སྐད་སྨྲོས།།

ཤ་དང་ཁྲག་ནི་བོད་ལས་ཆད་པའི་ཕྱིར།།

ས་ཆ་གང་དུ་སོང་ཡང་དེ་མ་བརྗེད།།


ཧ་ཧ་འདི་ནི་རང་གི་བསམ་ཚུལ་ལགས།།

ཨ་ལ་ཨེ་བདེན་ཁྱོད་ཚོས་བསམ་བློ་ཐོངས།།

  • ལེ་ཚན་སྔོན་མ།:ལས་སྣང་།
  • ལེ་ཚན་རྗེས་མ།:ཚེ་སྲོག་གི་བདག་མོ།