མི་རིགས་མཐུན་སྒྲིལ་ལག་ལེན་དངོས་སུ་བསྟར། ཟོལ་མེད་གཅེས་སེམས་ཁ་བའི་ཡུལ་ལ་བཅངས།

ལྷ་འཛོམས་ཀྱིས་བྲིས།        2019-11-22

    སྤྱི་ཟླ11པའི་ཚེས8ཉིན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོའི་འཆད་ཁྲིད་སྤེལ་བ་རེད། ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་གཞོན་པ་ཀྲང་ཅན་གོས་གདན་ཞུ་ལྟར་ཐོག་མའི་བསམ་འདུན་མི་བརྗེད་ཅིང་དམ་བཅའ་ལག་ལེན་བྱེད་པ་དང་འགན་འཁྲི་སེམས་ལ་བཅངས་ནས་འགན་ཆེན་ཁུར་ཞེས་པ་ལས། གཞུང་དོན་དུ་སྐུ་གཤེགས་པའི་དེ་སྔོན་གྱི་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་བློ་མཐུན་པི་ཧྲི་ཞང་གི་སྔོན་ཐོན་བྱས་རྗེས་བརྒྱུད་ནས་ཏང་གཤིས་སྦྱོང་བརྡར་བྱས་ཚུལ་འཆད་ཁྲིད་གནང་སྐབས་བློ་མཐུན་པི་ཧྲི་ཞང་དང་མཉམ་དུ་དམངས་དོན་སྒྲུབ་པའི་མཐོང་ཐོས་ཞིབ་ཅིང་ཟབ་མོ་སྒོ་ནས་ལྷུག་པོར་བརྗོད་པ་རེད། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་དང་རྩོམ་སྒྲིག་པ། གསར་འགོད་པ། ལས་བཟོ་བ60ལྷག་གིས་འཆད་ཁྲིད་ལ་ཉན་རྗེས་བློ་མཐུན་པི་ཧྲི་ཞང་ནི་དངོས་གནས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་མཁན་གྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་མཁན་གྱི་གཞུང་ཞབས་པ་ཡག་མོ་ཞིག་ཡིན་པའི་མྱོང་ཚོར་སླར་ཡང་བྱུང་།

མི་རིགས་མཐུན་སྒྲིལ་ལག་ལེན་དངོས་སུ་བསྟར། ཟོལ་མེད་གཅེས་སེམས་ཁ་བའི་ཡུལ་ལ་བཅངས།

    དབྱར་རྩྭ་དགུན་འབུ་ཡག་ཤོས་སློབ་ཁང་ནང་ལ་ཡོད།

    ཀྲང་ཅན་གོས་བཤད་དོན། 2009ལོའི་སྟོན་ཁར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་རིན་པ་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞི་འཐབ་ཇུས་བཀོད་སྒྲིག་དང་ལག་བསྟར་བྱེད་པའི་ཁྲོད་དུ་བློ་མཐུན་པི་ཧྲི་ཞང་གིས་རང་ནུས་ཅི་ཐོན་བྱས་ནས།འཐབ་ཇུས་བཀོད་སྒྲིག་དེ་ལག་བསྟར་དོ་དོ་དན་དན་བྱས་པ་དང་བོད་ཁུལ་གྱི་ལོ་ཆུང་ཚོར་ཤེས་བྱ་དང་ལག་རྩལ་སྦྱང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་འབྲོག་པ་མི་གཅིག་འཇོན་ཐང་ལྡན་པ་བྱུང་ན་ཁྱིམ་ཚང་དབུལ་ཕོངས་ལས་ཐར་ཐུབ་པར་བརྩོན་ལེན་བྱས། སེར་ཤུལ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་སར་འགྲོ་དུས་བློ་མཐུན་པི་ཧྲི་ཞང་གིས་ཡུལ་དེ་གའི་མང་ཚོགས་ཀྱི་བུ་རྒྱུད་ལོ་ན་དྲུག་བདུན་ཙམ་སོན་དུས་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་རྐོ་སར་བཏང་ནས་སློབ་གྲྭར་སྐྱེལ་འདོད་དེ་ཙམ་མེད་པའི་བསམ་ཚུལ་ལ་ཆ་རྒྱུས་ལོན་རྗེས་ཁོང་གིས་སེམས་ཁུར་ཆེན་པོས་ཡུལ་དེ་གའི་འབྲོག་པ་ཚོར་བསླབ་བྱ་ནན་ཏན་བྱས་པ་རེད། འབྲོག་པ་ལ་ལས་བུ་རྒྱུད་ཚོ་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱས་རྗེས་སློབ་གྲྭ་ཆེན་པོའི་ནང་ཞུགས་ན་སློབ་ཡོན་དགོས་པས། དེ་འདྲ་ཡིན་ན་ཁྱིམ་ནང་ཕྱུགས་འཚོ་བཅུག་ན་དགའ་ཞེས་བཤད་པ་དང་། ལ་ལས་དབྱར་རྩྭ་དགུན་འབུ་བརྐོས་ནས་བཙོང་བ་དེ་ང་ཚོ་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་ཡས་ཀྱི་ཞོར་ལས་གཙོ་བོ་ཡིན་ཞིང་། ལོ་ཆུང་ཚོའི་མིག་རྣོན་པོ་ཡིན་པར་བརྟེན་འབུ་མང་པོ་ལོན་པ་རེད་ཅེས་བཤད། བློ་མཐུན་པི་ཧྲི་ཞང་གིས་འབྲོག་པ་ཚོའི་བསམ་ཚུལ་དེ་དག་ལ་གསན་རྗེས་ཁོ་ཚོར་དབྱར་རྩྭ་དགུན་འབུ་ཆེས་ཡག་ཤོས་དེ་གང་ལ་ཡོད་རེད་ཅེས་དྲི་བ་བཏོན་པ་རེད། ལ་ལས་སྤང་ནགས་གསེང་ལ་ཡོད་ཟེར་བ་དང་། ཁ་ཤས་ཀྱིས་རྩྭ་ཐང་གི་གཞུང་ལ་ཡོད་ཅེས་བཤད་པ་རེད། བློ་མཐུན་པི་ཧྲི་ཞང་གིས་དབྱར་རྩྭ་དགུ་འབུ་ཡག་ཤོས་དེ་སྤང་ནགས་དང་རྩྭ་ཐང་སྟེང་ན་མེད། དེ་ནི་སློབ་ཁང་ནང་དང་དཔེ་དེབ་ནང་། དགེ་རྒན་གྱི་སློབ་ཁྲིད་ནང་ཡོད་ཅེས་གསུངས་པ་རེད། ཁོང་གིས་འབྲོག་པ་མང་ཚོགས་ལ་རྩིས་ཤིག་བརྒྱབ་པ་མྱོང་ཞིང་། ལོ་ཆུང་ཞིག་གིས་དབྱར་རྩྭ་དགུན་འབུ་བརྐོས་ན་ལོ་རེའི་ཡོང་འབབ་མཐོ་ཤོས་ཡིན་ན་ཁྲི2དང3ཙམ་ཡོད་པ་དང་ཉུང་མཐའ་ཡིན་ན་ཡང་སྒོར་ཁྲི1ཙམ་ཡོད་མོད། འོན་ཀྱང་སློབ་གྲྭར་སོང་ནས་ལས་ཞུགས་ཐུབ་ནས་གླ་ཕོགས་རག་ན་ལོ་རེའི་ཡོང་འབབ་ཆེས་ཉུང་མཐའ་ཡང་སྒོར་ཁྲི3ནས4ཙམ་ཡོད་པས་མ་ཚད།ད་དུང་ལོ་རེར་བཞིན་ཡར་འཕར་རྒྱུ་ཡོད་པ་རེད། དེར་མ་ཟད་རང་ཉིད་འཇོན་ཐང་ལྡན་པ་ཡིན་ན་དེ་ལས་མང་རྒྱུ་རེད། དབྱར་རྩྭ་དགུན་འབུ་དེ་གནམ་ལ་བརྟེན་ནས་ཟ་མ་བཟའ་དགོས་པས། རང་བྱུང་ཐོན་ཁུངས་དེ་ཚོ་སྤྱད་ཚད་མང་དྲགས་ན་ཇེ་ཉུང་དུ་སོང་ནས་ཡོང་སྒོའང་ཇེ་ཉུང་འགྲོ་ངེས་རེད། དེ་བས་ན་རང་ཉིད་ཀྱིས་སློབ་སྦྱོང་ཧུར་ཐག་བྱས་ནས་ལས་དབང་བསྒྱུར་ཐབས་བྱས་ན་ཡག་རྒྱུ་རེད་ཅེས་གསུངས་པ་རེད། ཁོང་གིས་ཉོན་བདེ་ཞིང་གོ་སླ་པོའི་འགྲེལ་བཤད་དེ་འདྲ་རྒྱག་དུས་འབྲོག་པ་མང་པོའི་བློ་ལ་བབས་ནས་ད་ཕྱིན་ཆད་བུ་རྒྱུད་ཚོ་སློབ་གྲྭར་ཡི་གེ་ཡག་མོ་སྦྱོང་སར་མངག་རྒྱུ་ཡིན་ཞེས་བཤད་པ་རེད།

    སྦྲ་གུར་གྱི་འཚོ་བ་གསར་པར་བརྩེ་ཤུགས་མཉམ་འདོན་བྱས།

    ཁམས་པའི་མཐོ་སྒང་དུ་འཚར་ལོངས་བྱུང་བའི་ཁམས་པའི་ཕོ་རྒོད་པི་ཧྲི་ཞང་གི་མི་ཚེ་གང་བོའི་འདུན་པ་ནི་མཐོ་སྒང་གི་མི་སེར་གྱིས་འཚོ་བ་ཡག་མོ་རོལ་ཐུབ་བྱ་རྒྱུ་དེ་རེད།

    དཀར་མཛེས་ཁུལ་གྱི་མི་སེར་ཕྱེད་ཀ་ནི་ཕྱུགས་འབྲོག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། སྦྲ་གུར་ཆུང་ཆུང་ཞིག་གི་ནང་ལ་ཁྱིམ་ཚང་གཅིག་འཚོ་སྡོད་བྱེད་བཞིན་ཡོད། འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག་ཅིང་དབུལ་ཕོངས་ཀྱི་གནས་སུ་ལྷུང་། 2008ལོའི་སྤྱི་ཟླ10པར་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐབས་ཇུས་གལ་ཆེན་པོ་བཏོན་ནས་རང་རེའི་ཞིང་ཆེན་གྱི་འབྲོག་པ་མང་ཚོགས་ལ་འབྲོག་པའི་རུ་སྤོས་འཚོ་བ་དང་འོས་མཐུན་པའི་སྦྲ་གུར་གསར་པ་ཆར་རླུང་བརླན་གསུམ་འགོག་ཐུབ་པ་དང་དྲོན་པོར་ཡིན་པར་མ་ཟད། ད་དུང་སྤྱོད་གོ་ཆོད་ཅིང་ཁུར་བདེ་བ། རིན་གོང་ཆུང་བའི་སྦྲ་གུར་འཚོ་བའི་སྒྲིག་ཆས་བཟོས་ནས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏང་རྒྱུའི་འཆར་གཞི་བཞག་པ་རེད། གནས་ཚུལ་དེ་ཁོང་གིས་ཐོས་པའི་སྐབས་སུ་མ་སྐུལ་དང་བླངས་ཀྱིས་འབྲོག་ཁུལ་གྱི་སྦྲ་གུར་གསར་པ་བཟོ་བཀོད་ལས་ཀར་ཞུགས་པ་རེད། དེ་ནས་ཁོང་གིས་ཁུལ་ཕྱུགས་འབྲོག་སྡེ་ཁག་གི་བློ་མཐུན་ཚོ་སྣེ་ཁྲིད་བྱས་ཏེ་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་རྫོང་ཁག་ཏུ་ཕྱིན་ནས་འབྲོག་པའི་འཚོ་བར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། འབྲོག་པ་མང་ཚོགས་ལ་འཚོ་བར་མཁོ་དགོས་ཆེ་བའི་སྤྱོད་ཆས་གང་དགོས་སྐོར་གྱི་བསམ་འཆར་བསྡུ་ལེན་ཡང་ཡང་བྱས་མཐར་གོང་གི་འབྲེལ་ཡོད་སྡེ་ཁག་གིས་སྦྲ་གུར་གསར་པ་བཟོ་འགོད་ལེགས་འགྱུར་བྱེད་པར་སྤྱོད་གོ་ཆོད་པའི་དཔྱད་གཞི་ཡིག་རིགས་འདོན་སྤྲོད་བྱས་ཡོད་པ་རེད།

    2009ལོའི་བོད་ལོ་སར་གྱི་སྐབས་སུ་བློ་མཐུན་པི་ཧྲི་ཞང་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་དུ་འབྲོག་པ་ཚོར་སྦྲ་གུར་གསར་པ་སྤྲོད་སར་འགྲོ་བའི་སྐབས་སུ་རྩྭ་ཐང་ཡོངས་སུ་དགའ་སྤྲོ་ཡིས་ཁེངས་ཤིང་། སྦྲ་གུར་གསར་པ་དང་ལྟེབ་ཁྲི། ལྕགས་ཐབ། ཕྱུར་བ་སྐམ་གདན། རྟ་སྒ་གདན། འོ་སྲུབས་འཕྲུལ་ཆས། ནུས་མང་སྡེབ་སྒྲིག་སྒྲོག་ཙེ། ཉི་ནུས་གློག་སྒྲོན། ནུས་མང་སྡེབ་སྒྲིག་སྒྲོམ་བུ། ནུས་མང་ཆུ་འཐེན་ཁུག་མ་སོགས་ཁྱིམ་ཆས་ཆ་ཚང་རིགས་དགུའི་ལེ་ལག་ཆ་སྒྲིག་གི་འཚོ་བའི་སྒྲིག་ཆས་དེ་རྣམས་འབྲོག་པ་ཚོའི་ལག་ནང་སྤྲད་ཡོང་དུས་སེར་ཤུལ་རྫོང་ཉི་དགའ་གྲོང་རྡལ་གྱི་འབྲོག་པ་དགེ་ལྷས་དགའ་སྤྲོ་ཆེན་པོས་ང་ཚོ་འབྲོག་པ་ཚོས་ཀྱང་དེང་རབས་ཅན་གྱི་འཚོ་བ་རོལ་ཐུབ་བྱུང་ཞེས་བཤད་པ་རེད། སྣང་ཚུལ་སྤྲོ་པོ་དེ་མཐོང་དུས་བློ་མཐུན་པི་ཧྲི་ཞང་ལགས་ཀྱི་ཞལ་རས་སུ་བློ་བདེ་བའི་འཛུམ་མདངས་ཤིག་ཤར།

    ལོ་གཅིག་ལ་གཞི་རིམ་དུ་སྐྱོད་པའི་ཉིན་གྲངས200ལས་བརྒལ།

    དུས་ཚོད་མི་འདང་གི་མི་འདུག་ཅེས་པའི་སྐད་ཆ་འདི་ནི་བློ་མཐུན་པི་ཧྲི་ཞང་ལགས་ཀྱི་དུས་རྒྱུན་བཤད་པའི་སྐད་ཆ་ཞིག་རེད། ཁོང་གིས་ཚེ་གང་བོ་ནི་བྲེལ་ཟིང་ཆེ་ཞིང་། གཞི་རིམ་མི་སེར་གྱི་སྐྱིད་སྡུག་ནམ་ཡང་སེམས་ལ་ཡོད་པར་བརྟེན། ཁོང་གཞི་རིམ་དུ་བསྐྱོད་པའི་དུས་ཚོད་དེ་གཞུང་ལས་ཁང་ནང་བསྡད་པའི་དུས་ཚོད་ལས་་ཀྱང་མང་བ་རེད།

    དཀར་མཛེས་ཁུལ་གྱི་ས་བབ་ཆགས་ཚུལ་གྱི་ཁྱད་ཆོས་མི་འདྲ་བའི་དབང་གིས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་ལ་ཁྱད་པར་དུ་དགུན་དུས་སུ་ཁ་ཆེན་བབས་ནས་ལམ་འགག་པས། ལམ་བར་དུ་དཀའ་ཚེགས་ཧ་ཅང་ཆེ་མོད། འོན་ཀྱང་ཁོང་གིས་ནམ་ཡང་དཀའ་ངལ་ལ་སྣང་དོགས་ཅི་ཡང་མི་མཛད་ཅིང་། ལས་འགན་ཡོད་ཚེ་ལམ་སང་སྒྲུབ་ཏུ་འགྲོ་གི་ཡོད་པ་རེད།

    ལས་རོགས་ཚོས་རྩིས་ཤིག་བརྒྱབ་དུས་ཁོང་ལོ་རེར་ཉིན200ལྷག་གཞི་རིམ་དུ་འགྲོ་བའི་ལམ་ཁར་ཡོད་པ་རེད། ལོ་རེར་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་ཁྲི8ལྷག་རྒྱུག་བཞིན་ཡོད། ས་གནས་ཆ་ཤས་ལའང་རྟ་བཞོན་ནས་འགྲོ་དགོས་པས། མི་སེར་ཚོས་ཁོང་ལ་རྟ་ཐོག་ལས་བྱེད་པ་ཞེས་པའི་མིང་སྙན་མོ་ཞིག་བཏགས་པ་རེད། དེ་སྔོན་ཁོང་གཞུང་དོན་སྒྲུབ་དུས་རླངས་འཁོར་གྱི་བྱུར་ཉེས་ཐེངས་མ་གཉིས་བྱུང་མྱོང་། སྟབས་ལེགས་པ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་མེད་པ་རེད། ཡིན་ན་ཡང2013ལོ་ཟླ12པའི་ཚེས16ཉིན་གྱི་སྔ་མོའི་ཆུ་ཚོད9དང་སྐར་མ50ལ་བློ་མཐུན་པི་ཧྲི་ཞང་ཉག་རོང་རྫོང་དུ་མང་ཚོགས་ལས་ཀ་སྒྲུབ་སར་འགྲོ་བའི་ལམ་བར་མཚོ་འཕགས་སྨི4412ཡི་ཀ་བཞི་ལ་ཐོག་ཏུ་རླངས་འཁོར་འཁྱག་ལམ་དུ་འདྲེད་ནས་དགུང་ལོ53མ་གཏོགས་འཚོ་མེད་པའི་པིཧྲི་ཞང་ལགས་གཞུང་དོན་དུ་ཚེ་ལས་འདས་པ་རེད།

    2014ལོའི་སྤྱི་ཟླ3པའི་ཚེས12ཉིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་སྒྲིག་འཛུགས་བྱས་ནས་བློ་མཐུན་པི་ཧྲི་ཞང་གི་སྔོན་ཐོན་མཛད་རྗེས་ཀྱི་གཟེངས་བསྟོད་ཚོགས་འདུ་འཚོགས་ཏེ་མང་ཚོགས་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་ཕུལ་བྱུང་གི་ཏང་ཡོན་འགོ་ཁྲོད་ལས་བྱེད་པའི་མཚན་སྙན་རྗེས་སྤྲོད་གནང་བ་རེད།

    ཁོང་གི་མི་ཚེ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་འདས།

    ཀྲང་ཅན་གོས་མིག་ལ་མཆི་མས་གང་བཞིན་དུ་བཤད་དོན། རང་ཉིད་ཀྱི་དགའ་ཞེན་དང་ཤེས་ཡོན་ཡོད་ཚད་ཆད་ལུས་མེད་པར་ཏང་དང་མི་དམངས་ལ་འབུལ་རྒྱུ་དང་གངས་ཅན་མཐོ་སྒང་ལ་འབུལ་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་བློ་མཐུན་པི་ཧྲི་ཞང་གིས་དུས་རྒྱུན་དུ་བཤད་བཞིན་ཡོད། དེ་ནང་བཞིན་ཁོང་གི་གཞུང་དོན་སྒྲུབ་པའི་ལོ31རིང་ལ་ལྷག་བསམ་རྣམ་དག་གིས་བོད་ཁུལ་མི་སེར་གྱི་དོན་དུ་བྱ་བ་སྒྲུབ་པ་དང་དུས་ནམ་ཡང་ལས་གྲྭ་དང་པོར་ཕྱིན་ནས་དཀའ་སྤྱད་དངོས་སྒྲུབ་བྱས་པ་རེད་ཅེས་བཤད་པ་རེད།

    སྨྱུག་འཛིན་པའང་སེམས་འགུལ་ཆེན་པོ་ཐེབས་ནས་དེང་སང་བློ་མཐུན་པི་ཧྲི་ཞང་ལྟ་བུ་འགོ་ཁྲིད་མང་ཙམ་ཞིག་ཡོད་ན་བློ་དཀར་སེམས་དཀར་གྱིས་མང་ཚོགས་ལ་བྱ་བ་བསྒྲུབས་ནས་མི་དམངས་ཀྱི་འཚོ་བ་ཡག་མོ་ཡོང་ཐུབ་ལ་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་ཕྱིན་ངེས་རེད། ད་ལྟ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་བྱེད་པའི་གོ་སྐབས་དང་བསྟུན་ནས་བློ་མཐུན་པི་ཧྲི་ཞང་གི་མཛད་རྗེས་ལ་ཕྱིར་དྲན་བྱས་ན། ཁོང་ནི་ང་ཚོའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན་པ་དང་།ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་སའི་མིག་དཔེ་དངོས་ཡིན་ཞིང་། ང་ཚོས་ཁོང་གིས་ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱས་ལ་བློ་དཀར་སེམས་དཀར། སེམས་གཅིག་བློ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་ཁུར་ཕོད་པ། སྲ་བརྟན་འགྱུར་མེད་ཀྱིས་མེས་རྒྱས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་འཚོ་སྲུང་བྱེད་པའི་སྙིང་སྟོབས་སློབ་སྦྱོང་བྱ་དགོས་པའི་མྱོང་ཚོར་ཟབ་མོ་ཆགས་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོའི་ལྔ་མཆོད་དགོན་པས་དགའ་ལྡན་ལྔ་མཆོད་བསུ་བར་གྲ་སྒྲིག་བྱེད་ཚུལ།
  • ལེ་ཚན་རྗེས་མ།:དར་མདོ་ལྔ་མཆོད་དགོན་པས་དགའ་ལྡན་ལྔ་མཆོད་འདི་ལྟར་བསུས།
  • དོ་སྣང་ཆེ་བའི་རྩོམ།