དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།

འཕྲིན་ལས་དར་རྒྱས།        2016-12-22

ཟབ་ཟབ་མྱུར་མྱུར་ཁ་ཕོ་མི་སྒྲོག་ཅིང་།།

ཆུང་ཆུང་གདམས་ངག་སྡུག་བཙིར་མ་ཡིན་པར།།

རྡོག་རྡོག་མདོ་སྔགས་ལམ་གྱི་རིམ་པ་ཀུན།།

ཡང་ཡང་གསལ་བར་འཆད་མཛད་རྗེ་བླ་མ།།

དུང་དུང་མོས་པའི་ཡིད་ཀྱིས་ཁྱོད་ཉིད་ལ།།

ལྷང་ལྷང་གསོལ་བ་འདེབས་པར་རབ་དགོངས་ནས།།

ལྷུག་ལྷུག་ལེགས་བཤད་འདོམས་པའི་དགྱེས་འཛུམ་ཞལ།།

མྱུར་མྱུར་བདག་གི་མངོན་སུམ་ཡུལ་དུ་མཛོད།།

འགྲིག་འགྲིག་ཚིག་གི་པི་ཝང་བཀྲོལ་མཁས་ཀྱང་།།

ཏན་ཏན་ཏིག་ཏིག་མེད་པ་དེང་གི་དུས།།

ཕྱི་ཕྱིར་ཁྱོད་ཉིད་དྲན་པས་གསོལ་འདེབས་ན།།

ཡང་ཡང་ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ།།

གསལ་གསལ་བློ་ཡང་མ་རིག་མུན་པས་བསྒྲིབས།།

རང་རང་གཅེས་འཛིན་ཐག་པས་དམ་དུ་བཅིངས།།

འཁྱོག་འཁྱོག་གོམ་འགྲོས་གང་བྱུང་གནས་སུ་སྤོ།།

ཞུམ་ཞུམ་སེམས་འཕང་དམའ་ལ་ཐུགས་རྗེས་གཟིགས།།

སྐྱིད་སྐྱིད་འཁོར་བའི་ཕུན་ཚོགས་ཅིར་སྣང་ཡང་།།

ལྷང་ལྷང་སྐྱོ་ཤས་རྐྱེན་དུ་གྱུར་པ་ལས།།

ཏིག་ཏིག་སྙིང་པོར་འཛིན་པའི་བློ་སྤངས་ནས།།

ཏན་ཏན་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས།།

གང་གང་རྐྱེན་ལ་རག་ལས་ཆོས་རྣམས་ཀུན།།

བདེན་བདེན་འདྲ་ཡང་རྫུན་པར་ཤེས་པ་དང་།།

སོ་སོ་རང་གིས་སེམས་ཅན་འདྲེན་འདོད་བློ།།

ཤུགས་ཤུགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

སྐྱེ་ཞིང་སྐྱེ་བར་མགོན་པོ་ཁྱོད་ཉིད་ཀྱི།།

ལེགས་གསུང་ལེགས་པར་འཛིན་ཅིང་སྤེལ་བ་དང་།།

འཁོར་བའི་འཁོར་ལོར་བཅིངས་པའི་འགྲོ་བ་ཀུན།།

རྟེན་འབྱུང་སྟོང་པའི་གཏམ་གྱིས་དབུགས་འབྱིན་ཤོག།


  • ལེ་ཚན་སྔོན་མ།:དགེ་རྒན་དམ་པ།
  • ལེ་ཚན་རྗེས་མ།:མེ་མོ་བྱ་ཡི་གནམ་ལོ་གསར་བ་བསུ།