ཁྱོད་འགྲོ་དུས་ང་ལ་ཕྱིར་མིག་མ་བལྟ།

ཟམ་ཚའི་ཀླུ་འབུམ་ཚེ་རིང་།        2019-11-22


སྙིང་ཉེ་ཅི་འདྲའི་ཐ་སྙད་ཆ་ཡོད་ཅིག

དུངས་སེམས་དང་དམ་ཚིག་གི་སྨོན་འདུན་བཏེགས་རུང་ཁྱོད་ཀྱི་ཡོད་ཚད་ངའི་སེམས་ཀྱི་གུར་ཁང་དུ་ཤོང་དཀའ་བས་བདེ་བར་བཞུད་རོགས།

ངའི་ཡིད་ཀྱི་གཙང་འགྲམ་ལ་འགྲམ་དར་ཆགས་ཤིང་ཁྲུང་ཁྲུང་དཀར་མོའི་ཁྱུ་ཚོགས་ཡང་ལྷོ་ལ་བཞུད་སོང་།

མིག་ཆུ་དང་སྨེ་ངག་མེད་པར་ཁྱོད་འགྲོ་དུས་ང་ལ་ཕྱིར་མིག་མ་བལྟ།


ལས་དབང་ཅི་འདྲའི་ཐ་སྙད་བབ་ཆགས་ཤིག

བརྩེ་བའི་མདུད་པ་དམ་དུ་སྦྲེལ་ཞིང་ཕུགས་ཀྱི་རི་མོ་དོན་གྱིས་འགྲུབ་ཟེར།འོན་ཀྱང་།སུས་ཀྱང་ཡིད་ལ་དཔོག་དཀའ་བ་ནི་མ་འོངས་པ་ཡིན་ལ་སྐྱིད་སྡུག་རིས་སུ་འཁོར་བ་ནི་ཆོས་ཉིད་ཡིན།འཁྲེང་སེམས་དང་ན་ཟུག་མེད་པར་ཁྱོད་འགྲོ་དུས་ང་ལ་ཕྱིར་མིག་མ་བལྟ།


བརྩེ་དུངས་ཅི་འདྲའི་ཐ་སྙད་རླབས་ཆེན་ཞིག

དཔའ་མཛངས་རྟུལ་ཕོད་ཀྱི་དཔའ་བོའི་ཆོད་སེམས་མཚོན་ཞིང་།ཞི་བདེ་དང་འཆམ་མཐུན་གྱི་དར་ཆ་བསྒྲེངས་ཡོད།བློ་ལ་མ་ཤར་བ་ནི་ཁྱོད་ཀྱི་ཕྱི་ཐག་ཡིན།

འོན་ཀྱང་།འཁང་ར་དང་ལེ་བདའ་མེད་པར་ཁྱོད་འགྲོ་དུས་ང་ལ་ཕྱིར་མིག་མ་བལྟ།


རྒྱུ་འབྲས་ཅི་འདྲའི་ཐ་སྙད་བརྗིད་པོ་ཞིག

ཀུན་རྟོག་གི་རྣམ་ཤེས་ཕྲ་མོ་ཁམས་གསུམ་གྱི་བཙོན་རར་ཚུད་དུས་སྐྱབས་དང་རེ་ས་སུ་ཞིག་ཡོད།རྨི་ལམ་དང་ཨ་གསར་ཀྱི་འཁྲུལ་སྣང་ནི་ཉིན་གུང་གི་ཁེར་ལབ་དུ་གྱུར་སོང་བ་ནི་ཁྱོད་ཀྱི་ཕུགས་འདུན་ཡིན་ན།བདེ་བར་བཞུད་རོགས།མ་གཞི་འཇིག་རྟེན་ནི་ངུ་ངག་གི་ཞིང་ཁམས་ཡིན་པ་ངས་བརྗེད་མེད།

ཁྱོད་འགྲོ་དུས་ང་ལ་མིག་ཆུ་མི་དགོས།ངས་ཁྱོད་ཀྱི་བསམ་དོན་འགྲུབ་པར་སྨོན་འདུན་ཞུ་ཆོག

ང་ལ་ཕྱིར་མིག་མ་བལྟ་འདི་ལྟར་སྙིང་ཉེ་དང་ལས་དབང་གི་དབུ་ཁྱུད་ཡོད་ན།བརྩེ་དུང་དང་རྒྱུ་འབྲས་ཀྱི་བདེན་དོན་གླེང་ས་ཡོད་པ་ཨེ་ཡོད་ལགས།

  • ལེ་ཚན་སྔོན་མ།:དགའ་ལྡན་ནས་ལུས་པའི་ཤཱཀྱའི་དགེ་སློང་།
  • ལེ་ཚན་རྗེས་མ།:སྟོན་གྱི་སེམས་འགྱུ།