དགའ་ལྡན་ནས་ལུས་པའི་ཤཱཀྱའི་དགེ་སློང་།

སྦྲ་དུངས་སེམས།        2019-11-22

གླེགས་བམ་གྱི་གདོང་འབག་གྱོན་པའི་ཤཱཀྱའི་དགེ་སློང་ཞིག

ཨ་མདོ་ནས་རྐང་པ་བརྒྱབ་སྟེ་ལྷ་ས་དག་པའི་ཞིང་དུ་ཕེབས།

རྟག་བརྟན་གྱིས་བརྩོན་པ་ཆུ་བོ་བཞིན་བསྟེན་ནས།

མ་རིག་པའི་གདོང་གཏད་དུ་འགྲེང་སྟེ་མཐའ་མཇུག་གི་རྒྱལ་ཁ་བླངས།

ཀྱེ་ཞྭ་སེར་བསྟན་པའི་བདག་པོ་ཙོང་ཁ་པ།

ལོ་ངོ་ག་ཙམ་འགོར་ཡང་ད་དུང་ཁྱེད་རང་གླེང་གཞིར་གྱུར།

ཁྱེད་ཀྱི་མི་ཚེ་ལ་གླེགས་བམ་གྱི་གསེར་འོད་བཀྲ་ཞིང་།

བྱམས་པ་དང་བརྩེ་བའི་ཀློང་ནས་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན།

དེའི་ཕྱིར་ད་དུང་མི་རྣམས་ཀྱིས་ཁྱེད་ལ་སྟོན་པ་གཉིས་པ་ཞེས་འབོད།

སྔོན་བྱོན་གྱི་གསུང་རབ་ཡོད་ཚད་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཏེ།

མདོ་སྔགས་ཀྱི་གཙང་བོ་དེ་གཉིས་ཆུ་དང་འོ་མ་བཞིན་དུ་འདྲེས་པར་བཅུག་ནས།

གངས་ཅན་གྱི་ལྗོངས་སུ་མཉམ་གཅིག་ཏུ་བཞུར་དུ་བཅུག

སྔོན་བྱོན་གྱི་མཁས་པ་རྣམས་ཀྱི་དགོངས་པ་ཡང་དག་པར་འགྲེལ་ཏེ།

རི་བོ་དགེ་ལྡན་པའི་གཞིས་ཁྱིམ་ཁྱེད་ཀྱིས་གསར་དུ་བསྐྲུན།

བསྟན་པ་དང་འགྲོ་བའི་སླད་དུ།

ཁྱེད་ཀྱི་མི་ཚེ་ས་མཐའ་ནས་ཟད་དུ་བཅུག་ཀྱང་།

ཁྱེད་ཀྱི་མཚན་སྙན་གོ་ལ་ཟླུམ་པོའི་ཡང་སྟེང་ན་ཉི་འོད་དང་ལྷན་དུ་རྒྱུ།

ཁྱེད་ཀྱི་མཛད་རྗེས་ཀྱིས་ཁམས་གསུམ་གཡོ་བར་བྱས་ཤིང་།

འགྲོ་བ་སྟོང་ཕྲག་མང་བོའི་རྒྱུད་ཀྱི་མ་རིག་པའི་ལོག་རྟོག་སེལ་བར་བྱས།

སྐྱེས་ཆེན་ལགས།

ཡང་ན་ཁྱེད་ཀྱི་ཚེ་སྨད་དགའ་ལྡན་དག་པའི་ཞིང་མཆོག་ནས་ལུས་ཀྱང་།

མི་ཚེ་གླེགས་བམ་དང་བྲལ་མ་མྱོང་བའི་རྐྱེན་གྱིས།

འཛམ་གླིང་རིག་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པ་ཞེས།

ཀུན་གྱི་སེམས་ཁོང་ན་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར།

གང་ལྟར། སྐྱེ་བ་འདིར་ང་ཁྱེད་ཀྱི་བསྟན་པར་ཞུགས་པ།

ཨེ་མ་ཧོ་རྨད་བྱང་སྐལ་བ་བཟང་།

སྒྱིད་ལུག་དང་ལེ་ལོའི་དབང་དུ་གྱུར་ཏེ།

ཁྱེད་ཀྱི་གསེར་གྱི་གླེགས་བམ་དག་ལ།

ངས་ཐོས་བསམ་རྣལ་མ་ཞིག་བྱེད་མ་ཐུབ་པ་ནི་འཕང་སེམས་རི་བོ་ལས་ཀྱང་ལྕི།

སྐྱེ་བ་ནས་སྐྱེ་བར་ང་ཁྱེད་ཀྱི་རྗེས་སུ་འཛིན་པར་ཤོག

  • ལེ་ཚན་སྔོན་མ།:མཚན་མོར་སྙན་ངག་གི་ངག་སྒོ་ཕྱེས།
  • ལེ་ཚན་རྗེས་མ།:ཁྱོད་འགྲོ་དུས་ང་ལ་ཕྱིར་མིག་མ་བལྟ།