བྱ་ཁྱུས་དཀྲུགས་པའི་སྤྲིན་དཀར།

གོ་གསོས་སྨན།        2019-11-20

དགུན་ཟླ་སྐྱ་མོའི་བྱ་ཁྱུ་འཕུར་ཐེངས་རེ་རེར།

རྫ་རི་མཆོང་སྨུག་གི་ཞལ་གདོང་གས་ཐེངས་

རེ་རེར།

ངས་ཆིག་ལབ་རིང་མོ་ཞིག་གི་དབུ་འཁྱུད་བྲིས་ཏེ།

འགན་འཁྲི་དང་བཅས་ཏེ་འོངས་ཤིང་།

དགྱེས་འཛུམ་དང་བཅས་ཏེ་ཕེབས་སོང་བའི་

སྐྱེས་བུ་ཞིག་དྲན་ཡོང་།


མཚན་སྨག་གི་མཛེས་སྡུག་འབར་བའི་ཡུལ་ལྗོངས་ནས།

སྒེའུ་ཁུང་གི་ཡོལ་བར་ཕོག་པའི་ཟླ་ཟེར་ཡང་།

རབ་ཏུ་སུན་ཞིང་།  

ཧ་ཅང་ཞེད་པའི་དུས་ཚིགས་འདི་དག

ངའི་དྲན་པར་བཏགས་པའི་གསང་བ་ནི།

ཁ་བ་བཞིན་དུ་གཙང་ཞིང་།  

སྟོན་ཟླ་བཞིན་དུ་དྭངས་ངེས།


ཐ་སྙད་ཀྱི་མེ་ལྕེས་བཙོས་པའི་སེམས་པ་འདི།

གླེགས་བམ་གྱི་ཉིན་སྲིབ་བར་གསུམ་ལ་

ཉུལ་བ་ནས་བཟུང་སྟེ།

ཆག་གྲུམ་ཤོར་བའི་སེམས་ཀྱི་རྨ་ཁ་དེ།

ལ་ཁའི་རླུང་བུས་དེད་ཅིང་།  

ལུང་གཤོངས་ཀྱི་ཁ་བས་ཀྱང་མནན་མྱོང་།


སྒྱུ་མའི་འཕྲུལ་འཁོར་གྱིས་གྲུབ་པའི་རྒྱལ་ཁམས་ནས།

འཕུར་སྐྱོད་ཀྱི་ཐག་སྣེར་བཟུང་བའི།

ལོ་ཟླའི་དཀྱོག་མཚམས་ཀྱི་གཞོན་ནུ་མས།

རི་ཀླུང་ནས་འཕོས་པའི་ནེམ་རྩྭ་དང་།

རྒྱ་མཚོ་ནས་འཕྱུར་བའི་ལྦུ་དཀར་བཞིན།

ཤམ་བྷ་ལ་ཡང་ཡིད་འགུལ་ཐེབ་པའི་གླུ་ཆུང་སྟེ།

ཁ་བ་དང་ལྷན་དུ་བླངས་ཤིང་།

བསིལ་རླུང་ལྷན་དུ་གྲགས་མྱོང་།


ཐུ་བྷོད་རི་བོའི་གངས་འདབས་ནས་བཞུར་བའི།

ཟུངས་ཁྲག་གི་ཆབ་རྒྱུན་དམར་པོ།

སྒང་དྲུག་ཁ་བའི་རི་ལུང་ནགས་གསུམ་ལ་

བཞུར་བ་ནས་བཟུང་སྟེ།

གླུ་ཨ་ལ་ལ་མོའི་དབྱངས་རྟའི་ཚེ་སྲོག་དང་།

མ་ཐ་ལ་ལ་མོའི་ངག་རིག་གི་ལྗང་མྱུག་

བལྟམས་སོང་།


ཉི་ཟླའི་རྣ་ལུང་བཏགས་པའི་རི་ཕྲན་ཚོས།

དུང་མདོག་གིས་གཡུ་མདོག་བསུས་ཤིང་།

སླར་ཡང་གསེར་མདོག་གིས་དུང་མདོག་བསུ་

བའི་བྲེལ་འཚུབ་ཁྲོད།

བལྟས་ཀྱང་མིག་ཟུར་ཟུམ་ཞིང་།

སོང་ཡང་རྐང་ལག་འཁུམ་པའི་ལོ་ཟླ་སྐྱ་བོ་ནས།

འཁྲབ་གཞུང་རང་གིས་བརྩམས་ཤིང་།

འཁྲབ་ཁྲིད་རང་གིས་བྱས་པའི་མི་ཚེའི་

གཏམ་རྒྱུད་རིང་མོ།

གངས་འཁྱགས་དང་ལྷན་དུ་འཛུམ་ཞིང་།

སྲོད་རླུང་དང་ལྷན་དུ་ཚར་དགོས་པ་འདྲ།


  • ལེ་ཚན་སྔོན་མ།:འཚོ་བ་འཛུམ་པའི་དབྱངས།
  • ལེ་ཚན་རྗེས་མ།:མཚན་མོར་སྙན་ངག་གི་ངག་སྒོ་ཕྱེས།