འཚོ་བ་འཛུམ་པའི་དབྱངས།

གུ་དཔལ་ཤིས།        2019-11-20

ཚ་བོ་བློ་གྲོས་དྲི་མེད་དང་བསྟན་འཛིན་ལྷ་

སྒྲོན་གཉིས་ཀྱི་གཉེན་སྟོན་ལ།

གཡང་ཁྱིམ་གྲུ་བཞི་བརྩེ་བས་དྲོད་ཀྱིས་བལྟམས་ཏེ།།

གཡང་ཁྱིམ་འཚོ་བ་རོལ་བའི་སྟ་གོན་གྲུབ་སོང་།།

གཡང་ཁྱིམ་ཕྱྭ་གཡང་འཁོར་བའི་དུས་ཚེས་ཉིན་ལ།།

གཡང་ཁྱིམ་འཛོམས་པའི་རྟགས་དང་རྟེན་འབྲེལ་ཡག་ཤོག།


གཡུ་འབྲུག་ལོ་སྙིང་སོན་པའི་སྟག་ཤར་དེ་དང་།།

དྲུག་གསུམ་བཅོ་བརྒྱད་ཡིན་པའི་སྨན་ཆུང་དེ་གཉིས།།

བརྩེ་བའི་ཕྱི་ཐག་དུངས་བས་རྨི་ལམ་ཕབ་ནས།

རང་དབང་རང་འཐད་གཞིས་ཀྱི་འཛོམས་པ་ཡགས་མོ།།


བརྩེ་བའི་རྨུ་ཐག་འོད་ཀྱིས་འཐེན་པ་དེ་རིང་།།

དུང་བའི་འོ་མཚོ་འཁྱིལ་བ་ཆབ་ཀྱི་འགོ་མ།།

རྡོ་མཁར་སྨུག་པོ་དྲོད་ཀྱིས་བལྟམས་པའི་ཉིན་མ།།

གཡང་ཚང་འཛོམས་པའི་འཚོ་བའི་ཉིན་ཞག་དང་པོ།།


གནས་ལ་གནས་ཀྱི་གོམས་སྲོལ་མ་ཉམས་འཛིན་དགོས།།

གཉེན་ལ་གཉེན་གྱི་ལུགས་སྲོལ་མ་བོར་ཚང་དགོས།།

གནའ་དེང་ཟུང་དུ་སྦྲེལ་བའི་གཉེན་སྟོན་དུས་ཚེས།།

འདི་ལྟར་འཛོམས་པར་བཀྲ་ཤིས་ཕུན་སུམ་ཚོགས་ཤོག།


འཚོ་བ་མི་ནུབ་ལྷ་ཀླུ་དཔལ་གྱིས་ཁྱབ་ཤོག།

མཛའ་མཐུན་མི་འགྱུར་གཡུང་དྲུང་རི་མོ་བྲིས་ཤོག།

བདེ་སྐྱིད་མི་ཉམས་འཚོ་བའི་འཛུམ་དྲོད་ཁོལ་ཤོག།

འདོད་དོན་མི་བོར་ཁ་ལས་རླུང་རྟ་དར་ཤོག།


  • ལེ་ཚན་སྔོན་མ།:གླིང་གི་ཕ་སར་བསྐྱོད་པའི་ཟིན་ཐོ།
  • ལེ་ཚན་རྗེས་མ།:བྱ་ཁྱུས་དཀྲུགས་པའི་སྤྲིན་དཀར།