ང་དང་སློབ་གྲོགས་གངས་འཚོ་དང་རྩོམ་སྦྱོང་ར་བ།

གསའ།        2019-11-15


སློབ་གྲོགས་གངས་འཚོ། ནམ་མ་གསལ་སྔོན་ནས་ཡར་ལངས་རྒྱུ་ལོབས་ཡོད། སློབ་ཁང་གི་ཁ་གཏད་ཀྱི་མེ་ཏོག་ལྡུམ་ར་དེ་ལ་སྐོར་བ་རྒྱག་ཞོར་དཔེ་ཆ་བློར་སྐྱོར་གྱི་ལས་སུ་བྲེལ་ཞིང་གདའ། ངའི་སྒེའུ་ཁུང་ནས་མར་ལྟ་ཐེངས་རེར་མོའི་སྦྱངས་བརྩོན་གྱི་གོ་རིམ་ཁྲོད་ནས་མེ་ཏོག་ལྡུམ་ར་དེ་ལ་ཡང་རྐང་ལམ་ཕྲ་མོ་ཞིག་དོད་འདུག་པ་མཐོང་བས། ཡིད་ལ་དབང་མེད་དུ། གངས་འཚོ་ཡ། གངས་འཚོ། ཁྱོད་ནི་དོན་དངོས་ཀྱི་གངས་འཚོ་རེད་ཅེས་ཁེར་བཤད་ཡང་ཡང་བརྒྱབ། ཡང་ཅིག་བསམ་ན་གངས་འཚོ་ཁོ་ན་འགྲོ་སའི་རྐང་ལམ་དེ་ཧ་ཅང་མངོན་པར་གསལ་བ་དེས་མོའི་སློབ་འབྲས་ཀྱི་བརྡ་རྟགས་ཀྱང་དེ་བཞིན་ཁ་བཀང་འདུག་པ་ཤེས་ཐུབ་ཅེས་རང་གིས་རང་ལ་དྲི་བ་འདོན།


སློབ་གྲོགས་གངས་འཚོ་ནི2017ལོའི་སློབ་གྲྭའི་སྤྱི་རྒྱུགས་ལས་སློབ་མ་ཡོངས་ཀྱི་ཨང་དང་པོ་དང་རྫོང་ཁག་གསུམ་གྱི་སྦྱངས་བརྩོན་གྱི་འབྲས་བུ་གཡར་དུ་ཟ་བའི་སློབ་མའི་གྲས་ལས་ཨང་བཞི་བ་རེད། དེ་ནི་མོས་དགོང་འཕྱི་ཉལ་དང་ནངས་སྔ་ལངས་བྱས་པའི་འབྲས་བུ་དང་དྲིན་ཆེན་ཕ་མ་དང་དགེ་རྒན་སྔོན་བྱོན་དཔེ་ལེགས་ཅན་དག་ལ་བརྩི་བཀུར་བྱེད་སྟངས་ཤིག་ཡིན་ཟེར་ན་ཡང་མི་ཆོག་རྒྱུ་མེད། འཛིན་བདག་གསལ་ལེ་རྒྱལ་ནི་དུས་རྒྱུན་སློབ་མ་དག་ལ་བསྟོད་བསྔགས་བྱེད་མཁན་གྱི་གྲས་སུ་མང་པོ་མི་ཐེ་ཡང་ད་ཐེངས་སློབ་གྲོགས་གངས་འཚོ་ལགས་ཀྱིས་སྐར་འབྲས་ཁྱད་འཕགས་ཡིན་པས་གདོང་ལ་འཛུམ་ཆུང་གྱུག་གྱུག མོ་ནི་འུ་ཚང་གི་སློབ་གྲྭའི་རླུང་རྟ་དང་། དགེ་སློབ་ཡོངས་ཀྱི་ཁ་ལས་རེད་སྐད་ཞོར་བསྟོད་བསྔགས་ཀྱི་ཆར་སིམ་མང་དུ་བབས། ད་དུང་བོད་ཡིག་དགེ་རྒན་གྱིས་ཀྱང་སློབ་གྲོགས་གངས་འཚོ་ལ་བསྟོད་བསྔགས་བྱེད་ཞོར། མོ་ལྟ་བུའི་སློབ་མ་མང་པོ་ཡོད་དགོས་ཞེས་རེ་སྐུལ་གནང་།


དེ་ནས་བཟུང་ང་དང་སློབ་གྲོགས་གངས་རྒྱན་གཉིས་ཀས། སློབ་གྲོགས་གངས་འཚོར་ཡིད་སྨོན་བྱེད་བཞིན་སློབ་སྦྱོང་གི་ཐད་ལ་ཤུགས་སྣོན་དགོས་པའི་འཆར་གཞི་བཟོས། ཡིན་ཡང་། སྒྱིད་ལུག་དང་ལེ་ལོའི་དབང་གིས། སློབ་གྲོགས་གངས་འཚོ་ལྟ་བུར་འགྱུར་རྒྱུ་ནི། སྦལ་བ་ན་སྐུང་ནང་ནས་བསྡད་དེ།། བསམ་པ་གླིང་དཀར་སྟོད་རེད་ཅེས་པའི་དཔེ་ཉིད་ལས་མ་འདས་མོད།ཉིན་རེ་བཞིན་དུ་སྦྱངས་བརྩོན་གྱི་གོ་རིམ་ཁྲོད་ནས་ཇེ་བཟང་ཇེ་ལེགས་སུ་གྱུར་བ་ཤེས་འོང་། དེ་ནས་ཅང་མ་འགོར་བར་བོད་ཡིག་དགེ་རྒན་གྱིས(རྩོམ་སྦྱོང་ར་བ)ཟེར་བའི་ཚགས་པར་ཞིག་ཕུད་འདོད་ཀྱི་སློས་བསླངས་ཐོག་མ་ངེད་འཛིན་གྲྭས་ནང་ནས་འདོན། དེ་ཅིའི་ཕྱིར་ཞེ་ན།ངེད་འཛིན་གྲྭའི་ནང་ན་སློབ་གྲོགས་གངས་འཚོ་དང་ད་དུང་སློབ་གྲོགས་དཔེ་ལེགས་ཅན་རེ་ཟུང་མཆིས་པས་ཡིན་སྲིད། གཏམ་དེ་ཐོས་པ་ནས་བཟུང་ངའི་སྐབས་གཏད་ཀྱི་སྦྱང་དེབ་ཁྲོད་ནས་སྙན་དེབ་འགའ་རེ་བཀླག་པའི་གོ་སྐབས་ཀྱང་བྱུང་།ཉིན་རེ་བཞིན་དུ་ཉིན་ཐོ་འབྲི་བ་དང་སློབ་གྲོགས་ཕན་ཚུན་བར་འཕྲིན་ཡིག་འབྲི་རེས་ཀྱི་གོ་རིམ་ཁྲོད་ནས་རིམ་བཞིན་ཡིག་རྩ་ཇེ་བཟང་དང་མཚམས་ལན་རེ་ཚིག་སྙན་མོ་གཅིག་གཉིས་ཀྱང་ཡིད་ལ་ཐོན་འོང་། དེ་ནས་གཟའ་འཁོར་གཉིས་་འགོར་རྗེས་བོད་ཡིག་དགེ་རྒན་གྱིས་ཚགས་པར་ཕུད་རྒྱུ་ཐག་གིས་བཅད་ཡོད་ཟེར་ནས་རྩོམ་བརྡ་བཏང་། ང་རང་དགའ་ཞོར་སྤྲོ་ཞོར་དུ《ང་དང་སློབ་གྲོགས་གངས་འཚོ་དང་གངས་རྒྱན》ཟེར་ནས་ལྷུག་རྩོམ་ཐུང་ཐུང་ཞིག་བྲིས་པ་དེ་རྩོམ་སྦྱོང་ར་བའི་ཆེད་བསྒྲིགས(མེ་ལོང་)ཞེས་པའི་པར་ངོས་དེའི་སྟེང་བཀོད་འདུག དེའི་སྐབས་ཐོག་དེར་སློབ་གྲོགས་གངས་འཚོས་བྲིས་པའི་ལྷུག་རྩོམ་ལས་ངའི་ལྷུག་རྩོམ་ལ་ཕྱོགས་གང་ཅིའི་ཐད་ནས་བཟང་ཤོས་ཀྱི་ཆ་མང་འདུག་ཟེར་བའི་སྐད་ཆ་ཞིག་སློབ་གྲྭའི་དགེ་སློབ་གཉིས་ཀས་ངག་ན་ཐལ། ཉིན་དེ་ནས་བཟུང་།ངའི་སློབ་སྦྱོང་གི་ཁ་དབུགས་ཇེ་ལེགས་ལ་བུད་ཐལ། ངའི་ཕུགས་བསམ་གྱི་སྒོ་མོ་ཇེ་ཆེར་བུད་ཐལ། ངའི་སྦྱངས་བརྩོན་དང་སྐར་འབྲས་ཀྱང་ཇེ་བཟང་ལ་བུད་ཐལ། སློབ་གྲོགས་ཚོས་ང་ལ་འཕྱ་དམོད་ཀྱི་མཆིལ་ཞགས་མི་འཕེན་པ་དང་བརྩེ་འདང་གང་གི་ལག་ཟུང་ཇེ་དམ་བུད་ཐལ། བོད་ཡིག་དགེ་རྒན་བཀའ་དྲིན་ཆེ། རྩོམ་སྦྱོང་བ་ར་བ་བཀའ་དྲིན་ཆེ། མ་ཡུམ་སློབ་གྲྭ་བཀའ་དྲིན་ཆེ།

  • ལེ་ཚན་སྔོན་མ།:གསང་བའི་ཚོགས་གཏམ།
  • ལེ་ཚན་རྗེས་མ།:ཉི་མ་ལྷ་སར་མཇལ་བ།