ཞུམ་བཅས་རྩོལ་བ་འདོར་བས་ན།། ཕོངས་ལས་ཐར་བ་ཡོད་དམ་ཅི།།

སྐལ་ཐུབ་ཀྱིས་བྲིས།        2016-12-10

      དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་མཚན་སྙན་གྲགས་དང་མི་དམངས་མང་ཚོགས་ཀྱི་སེམས་སུ་ཏང་ཨུའི་སྲིད་གཞུང་གི་ཁ་མགོ་སྣའམ་དབང་གྲགས་དང་འབྲེལ་བ་ཡོད་པར་མ་ཟད། མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་རེད། དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྤེལ་འགོ་བཙུགས་པ་ནས་བཟུང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་འགྲུབ་པའི་ཆེད་དུ། ཐབས་བརྒྱ་ཇུས་སྟོང་སྤྱད་དེ་སྤྱི་པའི་རྨང་གཞིའི་སྒྲིག་ཆས་སྐྲུན་ཤུགས་ཆེ་རུ་གཏོང་བ་ནས་འགོ་བཙུགས་ཏེ་རྩ་ལག་མཉམ་བཅོས་ཀྱིས་དམངས་འཚོ་ལེགས་བཅོས་བྱས་པས་གྲུབ་འབྲས་མིག་མཐོང་ལག་ཟིན་གྱུར་དང་འགྱུར་བཞིན་ཡོད། ཡིན་ན་ཡང་། རང་ཁུལ་དབུལ་ཕོངས་ཀྱི་འབོར་གྲངས་མང་ཞིང་གཞི་ཁྱོན་ཆེ་བ་དང་། དབུལ་པོ་དབུལ་རྐྱང་ཡང་མང་པོ་ཡོད་པའི་རྩ་བའི་གནས་ཚུལ་ལ་འཕོ་འགྱུར་གཏང་དགོས་ན། སྒུག་བརྟེན་སློང་གསུམ་གྱི་བསམ་པ་རྩ་བ་ནས་དོར་ཞིང་གོ་སྐབས་དམ་འཛིན་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་སྣ་མང་ལ་བརྟེན་ནས་དབུལ་པོའི་ཞྭ་མོ་ཕུད་གང་ཐུབ་བྱ་དགོས། དེ་ཡང་རྒྱལ་སྲས་ཞི་བ་ལྷས། ཞུམ་བཅས་རྩོལ་བ་འདོར་བས་ན།། ཕོངས་ལས་ཐར་བ་ཡོད་དམ་ཅི།། ཞེས་གསུངས་པ་ལྟར་རང་རེ་ལ་དབུལ་ཕོངས་ལས་ཐར་འདོད་ཀྱི་སྟོབས་ཤུགས་མེད་ཅིང་སེམས་དཔའ་ཞུམ་པའི་ཐོག་འབད་རྩོལ་གང་ཡང་མི་བྱས་ནས་རྒྱལ་ཁབ་དང་སྲིད་གཞུང་གིས་ང་རང་སྡུག་ཏུ་འཇུག་རྒྱུ་མ་རེད། མི་ཚེ་དེ་དཀའ་སྡུག་དེ་ཙམ་མྱོང་མི་དགོས་པར་བརྒལ་ངེས་རེད་ཅེས་བསམས་ནས་དུས་འདའ་བ་ཡིན་ན། དེ་འདྲའི་མི་རྣམས་ནི་དུས་ནམ་ཡང་དབུལ་ཕོངས་ལས་ཐར་ཐབས་མེད་པར་མ་ཟད་མི་ཚེ་ཡང་སྟོང་ཟད་དུ་འགྲོ་ངེས་པ་རེད། དེའི་དོན་གྱི་དཔེ་ཡང་བོད་ཀྱི་རྒྱལ་པོ་མུ་ནེ་བཙན་པོས་བོད་འབངས་ཡོངས་ལ་དབུལ་ཕྱུག་ལན་གསུམ་མཛད་མྱོང་པ་ལྟར་རོ།། དེས་ན་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དང་པོ་ལས་རྒྱལ་ཁ་འཐོབ་དགོས་ན། སྲིད་ཇུས་བཟང་པོའི་ཆ་རྐྱེན་འཛོམས་འོག་དབུལ་ཕོངས་ལས་ཐར་འདོད་ཀྱི་སེམས་ཤུགས་དང་འབད་རྩོལ་དྲག་པོ་ནི་མེད་ཐབས་མེད་པ་ཡིན་ནོ།།

  • ལེ་ཚན་སྔོན་མ།:དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མེ་གསོད་དང་འབྲེལ་བའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།