མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

        2019-11-11

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

དགེ་རྒན་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་རྗེས་སུ་དྲན་པའི་གཏམ།


མགར་ཐར་བཀྲ་ཤིས་ཆོས་ལྡན


     ཕྱོགས་མཚམས་ཀུན་ནས་རླུང་དམར་འུར་འུར་དུ་ལྡང་བའི་ཉིན་དེར།འུག་པའི་ཀུ་ཅོ་དང་གཉིས་སུ་མེད་པའི་ཉན་ན་མི་འདོད་པའི་ཐན་སྐད་ཅིག་གློ་བུ་གློ་བུར་དུ་རྣ་བའི་བུ་གར་ལྷུང་སོང་། དེ་ནི་ཏག་ཏག་ང་ཚོ་མི་ཉག་ཡུལ་གྱི་འགྲོ་བའི་སྒྲོན་མེ་མུན་པས་གཏན་དུ་བསྒྲིབས་སོང་བའི་གཏམ་ངན་འཇིགས་སུ་རུང་བ་དེ་རེད། གཏམ་ངན་དེ་ཉན་འདོད་མེད་ཀྱང་རྣ་བའི་བུ་ག་བརྟོལ་ནས་སྙིང་ལ་ཚེར་མ་བཞིན་འཛེར་སོང་། གཏམ་ངན་དེ་བདེན་པ་ཡིན་ནམ་ཡིད་ཁམས་ཐེ་ཚོམ་གྱི་དྲ་རྒྱར་ཚུད་སོང་། གཏམ་ངན་དེ་གླེང་འདོད་མེད་རུང་ཕྱི་རོལ་དུ་འུར་སེར་ཁྱབ་སོང་ །ཀྱེ་མ། ཁྱེད་ཉིད་ཉི་མའི་དཀྱིལ་འཁོར་བཞིན་གླིང་ཕྲན་འདིར་འོད་སྟོང་གིས་འཛུམ་ཞིང་གློ་བུར་དུ་ནུབ་ཕྱོགས་ཞི་བའི་དབྱིངས་སུ་གཟིམས་པ་ནི། ང་ཚོ་སྟེ་གཏི་མུག་གི་སྨག་རུམ་འཁྲིགས་ཤིང་ཆགས་སྡང་གི་རླུང་འཚུབ་རྒོད་པའི་སྙིགས་དུས་ཀྱི་དམུ་རྒོད་དག་གི་མིག་ཟུང་མཆི་མས་བསྒྲིབས་སོང་བ་ཅི་ལ་མིན། ང་ཚོ་སྟེ་མདུན་ལྗོངས་ཀྱི་ལམ་འཕྲང་བོར་ཞིང་ད་ལྟ་བའི་རྣམ་ཤེས་འཁྱམས་པའི་སློབ་བུ་དྭ་ཕྲུག་དག་གི་རྒྱབ་རི་ཞིག་སོང་བ་ཅི་ལ་མིན།

     ཀྱེ་མ་ཀྱེ་ཧུད། ད་ནི་འགྱོད་གདུང་རི་འདྲ་བ་ཞིག་སྐྱེ་འོང་ཞིང་ལེ་བདའ་ཆུ་གཏེར་བཞིན་དུ་འཕྱོ་འོང་བ་ནི། སྒྱིད་ལུག་པའི་ལེ་ལོ་དང་བྱ་བ་ངན་ཞེན་གྱི་ལེ་ལོ། བདག་ཉིད་བརྙས་པའི་ལེ་ལོ་གསུམ་གྱི་དབང་གིས་དགེ་རྒན་དམ་པ་ཁྱེད་རང་མ་དག་པའི་ཞིང་འདིར་སྐུ་འཚོ་ཞིང་བཞུགས་པའི་དུས་དེར་སྐུ་མདུན་དུ་བཅར་ནས་སྙུང་གཞི་དྭངས་ལགས་སམ་ཞེས་པའི་འཚམས་འདྲི་ཞིབ་མོ་ཞིག་ཀྱང་བྱ་རྒྱུ་མ་བྱུང་པར་ལུས། མུན་ནག་མདའ་འཕེན་ལྟ་བུའི་ང་ཚོའི་ཁ་ཕྱོགས་ལ་མ་འོངས་ལུང་བསྟན་ཞིག་ཀྱང་ཞུ་བའི་སྤོབས་པ་འཁོར་མ་ཐུབ་པར་ལྷག་པ་དེའོ།། དགེ་རྒན་དམ་པ་ཁྱེད་ལ་གདུང་ཤུགས་དྲག་པོའི་སྒོ་ནས་བསམ་པའི་བསྟེན་ཚུལ་བཟང་པོ་ཞིག་སྐྱེས་པའང་ཉིན་གུང་གི་སྐར་མ་ལྟར་གྱུར་མྱོང་སྙམ་པའི་དྲན་ཚོར་བྱུང་ཞིང་། སྦྱོར་བའི་སྒོ་ནས་ཀྱང་བླ་མར་ཞབས་ཏོག་ཅུང་ཙམ་རེ་འབུལ་རྒྱུ་བྱུང་སོང་སྙམ་པའི་དྲན་སྣང་གང་ཡང་འཆར་རྒྱུ་མི་འདུག། ཐ་ན་རང་ལ་དད་པའི་རྟེན་སྐལ་དུ་རུང་བའི་དངོས་རྫས་ཆུང་ཆུང་ཞིག་སློང་བའི་སྐལ་བཟང་ཡང་མ་བྱུང་བས། ད་ནི་ཡིད་སེམས་རབ་ཏུ་ཕངས་ནས་སྡོད་པ་ལས་ཐབས་ཅི་ཞིག་མཆིས་ཨང་།

     ཀྱེ་མ་ཀྱེ་ཧུད།  རླབས་ཆེན་འཕྲིན་ལས་ཀྱི་མཛད་བཟང་ཆེས་ཆེར་འཕེལ་བའི་སྒང་དེར། བསྟན་འགྲོའི་དོན་ཆེན་བསྒྲུབ་ལ་ཉིན་མཚན་བར་མེད་དུ་བྲེལ་བའི་སྐབས་དེར། ལམ་ཁྲིད་ཆོས་ཀྱི་བདུད་རྩི་ཕངས་མེད་དུ་སྩོལ་བའི་སྒང་དེར། སློབ་བུ་བརྒྱ་ཕྲག་མང་པོས་གཞུང་ཆེན་བཀའ་པོད་ལྔའི་མཐར་མ་སོན་པའི་སྔོན་དེར། དད་ལྡན་རྒྱ་བོད་ཧོར་འབངས་ལ་དབང་ལུང་མན་ངག་གིས་སྣོད་ཁ་མ་བསྐང་བའི་སྔོན་དེར། ཉེ་རྒྱང་གི་དགེ་ཕྲུག་གྲངས་མེད་ཀྱིས་དཀའ་གནད་ལ་ཐེ་ཚོམ་གྱི་སྒྲོ་འདོགས་མ་ཆོད་པའི་སྔོན་དེར། ཁྱེད་ཉིད་ཕེབས་པ་སྔ་སོང་བ་མིན་ནམ། དགེ་རྒན་ལགས། ཁྱེད་ཉིད་ཞིང་འདིའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་བའི་ཕྱིར་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་དགོས་ནའང་།  

     མགོན་མེད་སྐྱབས་དབེན་གྱིས་ངེད་ཅག་ལ་མཚོན་ན་ཁྱེད་ཉིད་ཕེབས་པ་ནི་རྟ་བདུན་དབང་པོ་ནུབ་རི་ལ་ཡིབ་པ་དང་གཉིས་སུ་མེད་པས། དགེ་རྒན་ལགས། ཁྱེད་ཉིད་ཕེབས་པ་སྔ་སོང་བ་མིན་ནམ་ཞེས་པའི་སྨྲེ་ངག་ཅིག་སླར་ཡང་ཤོར་བའོ།།

     མ་གཞིར་ངོ་མཚར་ཉམས་རྟོགས་ཀྱི་གསང་བ་སྦྲུམ་པའི་ཞལ་ཆེམས་ཀྱི་ཚིག་འབྲུ་རེ་རེས་ང་རང་ལྟ་བུའི་གདུལ་བྱ་རྟག་འཛིན་ཅན་ཚོར་གཞི་ནས་སེམས་པ་ནང་དུ་འགུགས་དགོས་པའི་གོ་སྐབས་ཤིག་གནང་བ་ཡིན་ངེས། ཡང་ན། ཆོས་བརྒྱད་གདོན་གྱིས་མྱོས་པའི་སྙིགས་མའི་སྐྱེ་བོ་རྣམས་ལ་སྐུ་ཚེ་འདིའི་མཛད་པ་ཐ་མས་ཀྱང་དམ་པ་ལྷ་ཆོས་ལ་སྐུལ་བའི་བཀའ་དྲིན་བསྐྱངས་པ་ཡིན་ངེས། བྱང་ཆུབ་ལམ་རིམ་ཆེན་མོ་གཟུགས་སྐུར་ཤར་བ་ལྟ་བུའི་དཔལ་ལྡན་བླ་མ་དམ་པ་ལགས། དོན་དམ་དུ། ཁྱེད་ཉིད་ཞིང་ཁམས་གཞན་གང་ཞིག་ནས་གདུལ་བྱའི་འཁོར་ཚོགས་རྒྱ་མཚོ་གང་ཞིག་ལ་མདོ་སྔགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་སྐོར་བཞིན་ཡོད་སྲིད་ནའང་།  གནས་འདི་ནས་ཁྱེད་ཉིད་ཕེབས་པ་ནས་བཟུང་རིག་པའི་སྒྲོན་མེ་འདེགས་མཁན་གྱི་སྐྱེས་ཆེན་ཉི་མ་འདྲ་བ་ཞིག་མངོན་སུམ་མིག་གི་སྤྱོད་ཡུལ་དུ་བསྟར་དཀའ་བ་གཏན་ཁེལ་ཡིན། འདི་ནི་སྙན་ངག་མཁན་པོའི་རབ་བཏགས་ཀྱི་སྒྱུ་རྩལ་མ་ཡིན་ཞིང་། འཁྲབ་སྟོན་མཁས་པའི་ཟློས་གར་གྱི་རྣམ་འགྱུར་ཞིག་ཀྱང་གཏན་ནས་མིན་ཕྱིར།  དགེ་རྒན་ལགས། ཁྱེད་ཕེབས་པ་ནི་གྲང་རླུང་དང་བུ་ཡུག་གིས་གཙེས་པའི་དགུན་གཞུང་གང་ཞིག་ཏུ་ཉི་འོད་སྤྲིན་པས་བསྒྲིབས་པ་དང་ཁྱད་པར་མ་མཐོང་ངོ་།།

      རང་རང་གི་ལས་དོན་ལ་བརྩོན་པའི་སློབ་མ་སྐྱ་སེར་བརྒྱ་སྟོང་མང་པོའི་སེམས་ཁོང་གི་ཆུ་ཤེལ་དབང་པོ་ལགས། སྤྱིར་བདག་ནི་ཅི་ཡང་མི་ཤེས་པའི་རིག་པ་རྟུལ་པོ་ཞིག་དང་གང་ལའང་དོགས་པ་བཅང་བའི་རྟོག་གེ་མགོ་མཁྲེགས་ཤིག་ཡིན་སྟབས།  བླ་མིང་ཐོགས་ཚད་ལ་དད་གུས་དང་སྤྲུལ་མིང་མཆིས་ཚད་ལ་ཡིད་ཆེས་ཐུབ་མཁན་ཞིག་གཏན་ནས་མིན་ནའང་།  ཁྱེད་ནི་ང་ཚོའི་ནམ་མཁའ་རུ་འཚེར་བའི་སྐར་མ་འོད་ཆེན་གཅིག་པུ་དེ་ཡིན།  ཁྱེད་ནི་ང་ཚོའི་དད་གསུམ་ཕོ་བྲང་དུ་བཞེངས་པའི་ཤེལ་གྱི་མཆོད་རྟེན་དེ་ཡིན།  ཁྱེད་ནི་ང་ཚོའི་སེམས་ཀྱི་འཇིག་རྟེན་དུ་རྩེན་པའི་རིགས་ཀྱི་ལྷ་སྐལ་དེ་ཡིན།  དགེ་རྒན་ལགས།  རིན་པོ་ཆེ།  ཁྱེད་ཉིད་ནི་མདོ་སྔགས་རིག་གནས་ཐམས་ཅད་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་། ལྷག་ཏུ་ཐུན་མོང་གཙུག་ལག་གི་རིགས་གཞུང་འཆད་པ་ལ་ཐུན་མིན་གྱི་ལྗགས་རྩལ་རྨད་དུ་བྱུང་བ་ཞིག་འདུག་ཅེས་རིས་མེད་སྐྱེས་ཆེན་ཀུན་གྱིས་བསྔགས་བརྗོད་བྱས་པ་ལྟར་ལགས་སོ།།

      དབུས་ཀྱི་གདན་ས་ཆེན་མོའི་མཁའ་དབྱིངས་ནས་ལུང་དང་རིགས་པའི་གཤོག་རྩལ་རྒྱས་ཤིང་རྒྱུད་ཀྱི་དམ་ཚིག་མིག་གི་འབྲས་བུ་བཞིན་དུ་སྲུང་བའི་དགེ་རྒན་དམ་པ་ལགས།  ཁྱེད་ཀྱི་ཐུགས་སྟོབས་དང་དཀའ་སྤྱད་ནི་རྨད་དུ་བྱུང་བའི་རྣམ་ཐར་ཞིག་སྟེ།  སྙིགས་མའི་དུས་ཀྱི་དམུ་རྒོད་སྐྱེ་བོ་རྣམས་ནི་སེམས་རྒྱུད་དམ་པའི་ཆོས་དང་འདྲེས་པར་དཀའ།རང་བཞིན་གྱི་བློ་གྲོས་རྩིང་ཞིང་རྣམ་རྟོག་གི་འགྱུར་བག་རབ་ཏུ་རྒོད་པ་ངེས་པ་དོན་གྱིས་འདུལ་དཀའ་བའི་གདུལ་བྱ་འབའ་ཞིག་ཡིན་གཤིས།  ཁྱེད་ལ་བརྩེ་ཆེན་སྙིང་རྗེའི་གཞན་དབང་དུ་གྱུར་པའི་ཐུགས་སྟོབས་དེ་འདྲ་ཞིག་མེད་ན་སྐྱ་སེར་སློབ་མའི་ཚོགས་འདི་འདྲ་མང་པོ་ཞིག་གང་ནས་རྒྱས་ཐུབ།  དགེ་རྒན་ལགས། ང་ཚོ་སྟེ་དགོན་གྲོང་གཉིས་སུ་བར་མ་དོར་ལུས་པའི་ཉམ་ཆུང་ཁྱུ་གཅིག་ལ་ཆོས་དང་ཟང་ཟིང་གཉིས་ཆར་གྱིས་བསྐྱངས་པའི་བཀའ་དྲིན་ནི་བརྗོད་པའི་མཐའ་དང་བྲལ།  ཁྱེད་ཀྱི་མཛད་པ་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དམུ་རྒོད་རྣམས་ལ་ཡང་དག་ལའི་ལམ་ལ་གཞོལ་བའི་རྣམ་པར་ཐར་པ་ཤ་སྟག་ལགས་ན།  འདི་ཁོ་ན་རྗེས་འཇུག་ང་ཚོའི་མི་ཚེའི་ཉམས་ལེན་དང་ཚེ་གང་གི་ནང་ནོམ་དུ་ཉར་ནའང་རིན་ཐང་བླ་ན་མེད་དོ།།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

དྲན་གླུ་སེམས་ཀྱི་རི་མོ།

ཉན་ཤུལ་འཇིགས་མེད་དབང་པོ།



ཀ་དག་སྐྱེ་མེད་ཆོས་ཀྱི་ཞིང་ཁམས་སུ།།

ཁ་དོག་མཚན་མས་མ་རྒྱན་སྐྱེས་ཆེན་ཞིག།

ག་ལེར་མི་ཡི་ཡུལ་ནས་ཕེབས་པ་དེར།།

ང་ཡི་དྲན་ཚིག་རླབས་ཕྲེང་འདི་ན་གཡོ།།

 

ཅ་དག་དགོན་སྡེའི་སྡོམ་ཁྲིམས་མ་འཆོལ་ཞིང་།།

ཆ་ཚང་གྲུབ་མཐའི་ལྟ་བ་ཉམས་སུ་ལེན།།

ཇ་ཡུན་གཅིག་ཀྱང་བསྟན་འགྲོའི་དོན་མི་ལྷོད།།

ཉ་གང་ཟླ་བའི་ཐུགས་བསྐྱེད་རྟག་ཏུ་བརྟན།།

 

ཏ་ཐ་ག་ཏའི་ཐོས་བསམ་ཕྲ་བའི་དོན།།

ཐ་ན་གཅིག་ཀྱང་མ་ལུས་སློབ་བུ་ལ།།

ད་རུང་མ་བསླབ་བསམ་པ་མེད་གྱུར་པས།།

ན་གཞོན་ཕྱི་རབས་རྣམས་ཀྱིས་བསྟོད་པའི་ཡུལ།།

 

པ་སངས་ལྟ་བུའི་ཐུགས་བསྐྱེད་ཟབ་མོ་ཡིས།།

ཕ་མར་གྱུར་བའི་ནད་པ་ཉམ་ཐག་ལ།།

བ་ལང་སྨན་པའི་རྩིང་སྤྱོད་རྒྱང་དོར་ནས།།

མ་ཡུམ་བྱམས་བརྩེའི་ཐུགས་བཞེས་སྨན་པའི་མཆོག།།

 

ཙ་རི་ལན་གཅིག་བསྐོར་བའི་ཕན་པ་ལས།།

ཚ་གྲང་ནད་ཀྱིས་མནར་བའི་འགྲོ་བ་ལ།།

ཛ་ཏིའི་སྨན་སོགས་རིན་མེད་བྱིན་པ་ཡིས།།

ཝ་ལེར་ནམ་ཞིག་འཇིག་རྟེན་ཀུན་ཏུ་ཁྱབ།།

 

ཞྭ་གོས་ན་བཟའ་དཀྱུས་མའི་ཚུལ་འཛིན་ཞིང་།།

ཟ་མ་ལོངས་སྤྱོད་ཡ་རབས་ཆོག་ཤེས་ལྡན།།

འ་ཅག་གཅེན་གཅུང་བྲལ་བའི་སྡུག་བསྔལ་འདིས།།

ཡ་ཆུང་སེམས་ཀྱི་སྨུག་སྤྲིན་སངས་དུས་མེད།།

 

ར་བ་གངས་རིའི་ལྗོངས་ཀྱི་གྱོང་གུན་དེ།།

ལ་ལུང་ཆ་རྒྱུས་མེད་པས་མི་ཤེས་ཀྱང་།།

ཤ་ཚའི་ཞལ་གདམས་རེ་གཉིས་དྲན་པའི་དུས།།

ས་མཐའི་གཅུང་པོའི་སེམས་པ་སྐྱོ་ལྷང་ལྷང་།།

 

ཧ་ལམ་དྲན་པའི་གཏམ་ལ་སྐུལ་མ་མེད།།

ཨ་ལ་སེམས་སྐྱོའི་ཚིག་གི་དུམ་བུ་ལ།།

ཧ་ཧ་དགོད་པའི་སྤྲོ་གཏམ་མེད་ནའང་།།

ཨ་ཙི་དྲང་གཏམ་སྨྲ་བའི་མགྲིན་པར་བཏེགས།།


མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

གདངས་དབྱངས་བར་གྱི་ངུ་ཤུམ།


___མི་ཉག་མཁས་རྒན་ཉན་ཤུལ་འཇམ་དབྱངས་གྲགས་པར།

བཞག་སྲས།



གངས་དཀར་རི་བོས་སྤྲིན་ནག་གྱོན་པ་དང་།།

ཉག་ཆུ་སྔོན་མོས་སྨྲེང་གཞས་འགུགས་པ་དེ།།

མི་ཉག་ལུང་པའི་མི་རྒན་དབུ་དཀར་ཞིག།

གྱེས་ཚིག་མ་བཞག་རིང་ལ་ཕེབས་པའི་རྟགས།།

 

དར་མདོའི་ལུང་པར་དྲི་ཞིག་ཚོར་བ་དང་།།

གངས་ཆབ་ཟམ་པར་སྲོག་ཅིག་འཐུལ་བ་དེ།།

མི་རྒན་རུས་པ་རྡོ་ལས་སྲ་བ་ཞིག།

དཔེ་དེབ་ཀློང་དུ་ཡུན་རིང་གསོན་པའི་རྟགས།།

 

གསར་རྙིང་འཐབ་རྩོད་བུ་ཡུག་བར་གསེང་ནས།།

རུས་པ་དཀར་པོས་མུན་ཁྱིམ་གསལ་བ་དེ།།

ལོ་རྒྱུས་རིག་པར་འཁྱུད་འཐམ་བྱས་པས་ན།།

རྣམ་ཤེས་བུ་ཆུང་མངལ་དུ་སྦྲུམ་པའི་རྟགས།།

 

འདུ་འཛི་རླུང་བུའི་འཚུབ་ཆ་རབ་དྲགས་པ།།

དུས་འགྱུར་དགུན་ཁའི་ནམ་ལངས་ཐོ་རངས་དེར།།

ངུར་སྨྲིག་རས་གོས་ལུས་སུ་བཀླུབས་པ་ནས།།

དམ་ཡང་མ་འགྱུར་དམ་བཅའ་བརྟན་པའི་རྟགས།།

 

ཁབ་རྩེའི་ཐིགས་པ་ཁྲག་དང་བསྲེས་པ་ནས།།

འདུ་བ་སྣ་ཚོགས་རིག་པས་དཔྱོད་པའི་དུས།།

རྒྱུད་བཞིའི་པོད་རྙིང་བྲང་ཁར་སྦྱར་བ་དེ།།

རྩ་ཆུའི་རིགས་ལམ་ཀླད་པར་སིམ་པའི་རྟགས།།

 

སྐད་རིགས་སྣ་ཚོགས་གྲོང་ལས་མཆེད་པ་དང་།།

ཡིག་རིགས་མང་པོའི་པ་ཏྲ་འཁྱིལ་བའི་དུས།།

དབྱངས་གསལ་སོ་བཞི་ལྗགས་ཀྱི་ཕྱི་ནང་ནས།།

འགྱུར་ཁུགས་གསོན་པ་རུས་རྐང་མཁྲེགས་པོའི་རྟགས།།

 

བརྡ་དང་ཐ་སྙད་དུས་ཀྱིས་སྒྱུར་བ་ནས།།

གསར་བྱུང་དངོས་པོས་ངག་ལ་ཐོ་འཚམས་དུས།།

གནའ་གཏམ་སྦྱོར་བས་ཡིག་སྐད་ཤོད་མཁས་པ།།

གཙུག་ལག་བརྡ་སྤྲོད་བློ་ལ་རྒྱས་པའི་རྟགས།།

 

ས་མཐོ་སྒང་པའི་རི་མཐོ་ཆུ་གཙང་ལ།།

སྙན་ཚིག་མེ་ཏོག་དབྱིངས་སུ་མཆོད་པ་ལས།།

ངག་རིག་བུ་མོ་དགའ་མར་ཐོབ་པ་དེ།།

དུངས་ཞེན་དཀར་པོ་བོད་ལ་འཁོར་བའི་རྟགས།།

 

རིག་བཅུ་སྤྲིན་དཀར་རི་རྩེར་འཁྱིལ་བའི་དུས།།

ཁམས་ཀྱི་མི་ཉག་མི་གྲལ་འགྱིང་པ་ནས།།

འོད་དཀར་རི་མོ་སྟེགས་བུར་འཁྲུངས་པ་དེ།།

རང་ཡུལ་ཁྲ་མོར་ང་རྒྱལ་ཆེ་བའི་རྟགས།།

 

ཆ་འཕྲིན་རིག་པས་ས་ཆེན་བཅིངས་པ་ནས།།

རིག་གནས་སྔ་ཕྱི་འགལ་འདུ་རྒོད་པའི་དུས།།

སྲོལ་རྒྱུན་རིག་པ་སྲོག་གི་བཅུད་བཟུང་ནས།།

རྒོལ་ལན་འཕེན་པ་ཁ་ཕྱོགས་བཙན་པའི་རྟགས།།

 

མི་སྡེ་ཡོངས་ཀྱི་མགོ་བོ་མཐོར་བཏེགས་ནས།།

རང་སྐལ་ལྗོན་པ་ལག་པས་བཏུ་བའི་ཚེ།།

མི་ཉག་ཡུལ་གྱི་རིག་སྨྲ་རྒན་རབས་ཁོང་།།

གློ་བུར་གཤེགས་འདི་བསོད་ནམས་དམན་པའི་རྟགས།།

 

སྐྱོ་འབོད་དར་ཆ་སྒང་ནས་ཕྱར་བ་དང་།།

སྨྲེང་གླུ་གཉོམ་པོ་ཁོག་ནས་འདོན་པ་འདི།།

མི་ཉག་ལུང་པའི་མི་རྒན་དབུ་དཀར་ཞིག།

རྒྱང་ལ་བཞུད་པར་སྐྱོ་གདུང་ཆེ་བའི་རྟགས།།

 

རི་བོ་དར་ལྕོག་བསེར་བུས་གཡོ་བ་ནས།།

ལུང་མདའི་ཆུ་ཕྲན་ཀུ་ཅོ་སྒྲོག་པའི་བར།།

མདོར་ན་སྐྱོ་བའི་མིག་ཆུ་འབྱིན་རྒུ་དེ།།

རྒན་རབས་ཁོང་ལ་དགའ་ཞེན་ཆེ་བའི་རྟགས།།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

བདུད་རྩི་མཆོད་ཡོན།

མགར་ཐར་འཇིགས་མེད་བསམ་འགྲུབ།

 


མཁྱེན་རབ་འོད་ཀྱི་ཕུང་པོར་ཤར་བ་འཇམ་དབྱངས་ཞེས་གྲགས་ལྷ་མཆོག་གི།།

གཟུངས་ཐག་མ་ལྷོད་བསྙེན་པའི་བྱིན་རླབས་འགག་མེད་ཡིད་ལ་འཕོས་པ་ཅན།།

མཁས་མང་གསེར་གྱི་དོ་ཤལ་འཆང་བའི་ཉན་ཤུལ་ཁྱིམ་གྱི་མཛེས་རྒྱན་དུ།།

ལེགས་བྱས་ཟོང་གིས་སྐལ་བ་བྱིན་པ་འགྲོ་ཀུན་མིག་གི་བདུད་རྩི་ཉིད།།

 

སྡོམ་གསུམ་ཁྲིམས་ཀྱི་གོས་བཟང་བགོས་ཤིང་གུས་རྟག་འགྲུས་པའི་བརྟུལ་ཞུགས་བརྟན།།

སྐྱེས་སྦྱངས་རིག་པའི་གློག་ཞགས་མྱུར་མོ་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ།།

ལྔ་ཟུང་གཙུག་ལག་རིན་ཆེན་གཏེར་གྱིས་བློ་གྲོས་བང་མཛོད་ལེགས་པར་བཀང་།།

མཁས་མང་རྒྱུ་སྐར་མཛེས་པར་བྱེད་པའི་ཟླ་བ་གཞོན་ནུ་གཅིག་པུར་འཁྲུངས།།

 

རླུང་ནག་འཚུབ་མས་ཀུན་ནས་གཙེས་པའི་རྩོད་ལྡན་དུས་ཀྱི་སྨག་རུམ་ནས།།

གསེར་གྱི་སྒྲོན་མེ་གྱེན་དུ་བཏེགས་ཤིང་ཡི་གེའི་ཕྱི་མོ་ནས་བརྩམས་པའི།།

བསླབ་གཞི་བརྡ་དག་མང་དུ་བསྒྲིགས་ཤིང་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས།།

རིགས་གཞུང་སྲོག་ལ་བཅུད་ལེན་སྟེར་བའི་ངོ་མཚར་མཛད་རྗེས་མཐའ་མི་དཔོག།

 

སྐལ་ལྡན་སློབ་བུ་ཁྲི་ཕྲག་དུ་མར་ཁམས་དང་མོས་པ་ཇི་བཞིན་དུ།།

སུམ་རྟགས་སྙན་ངག་སྨན་རྩིས་བཟོ་རིག་གཞུང་བཤད་ཕྱག་ལེན་ཟུང་དུ་འབྲེལ།།

སྡེ་སྣོད་གསུམ་གྱི་འཆད་ཉན་སྤེལ་ཞིང་ཐོས་དོན་སྒྲུབ་པ་ལ་གཞོལ་བ།།

རྒྱལ་བསྟན་གདུགས་དཀར་བླ་ན་མཐོ་བ་འཆད་རྩོད་རྩོམ་པས་ཕྲག་པར་བཏེགས།།

 

ལྷག་བསམ་ཟླ་ཞུན་མཚོ་ལས་འཁྲུངས་པའི་རིག་པའི་པདྨོ་འདབ་བརྒྱ་པ།།

ཕྱོགས་སུ་བཞད་པའི་དྲི་བསུང་ངད་པས་གངས་ལྗོངས་རིག་བྱེད་དགའ་ཚལ་ལ།།

སྔོན་མེད་ཉམས་འགྱུར་མཛེས་སྡུག་བསྐྲུན་ཅིང་ལུགས་གཉིས་གསལ་བའི་ལྗགས་རྩོམ་མང་།།

སྐྱེས་སུ་གནང་བའི་དགེ་མཚན་དེ་ནི་རིན་ཆེན་སྒྲོམ་ལས་རབ་ཏུ་ལྕི།།

 

བསྟན་དང་འགྲོ་ལ་རྩེ་གཅིག་སྨན་པའི་འཕྲིན་ལས་འོད་བརྒྱ་འགྱེད་བཞིན་པར།།

གདུལ་བྱའི་བསོད་ནམས་དཔུང་གིས་མ་ཐེག་རེ་ཞིག་མཁའ་འགྲོའི་དར་ཐག་ལས།།

གཤེགས་ཀྱང་རྗེས་ཆགས་བརྩེ་བ་ཟབ་མོས་ཕྱོགས་འདིའི་སྐྱེ་འགྲོའི་ཚུལ་དགོངས་ནས།།

ཡང་སྤྲུལ་ཉི་གཞོན་རིང་མིན་འཆར་བར་སྨོན་ལམ་ཟབ་མོའི་མཐུ་གྲུབ་ཅིག།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽


མཁས་དབང་ཉན་ཤུལ་འཇམ་དབྱངས་གྲགས་པ་རྗེས་སུ་དྲན་པ།

འཇུ་རབ་གསལ།


གང་ཞིག་འཇིག་རྟེན་སྣང་བའི་དཔལ་སྟེར་བ།།

རླབས་ཆེན་བྱ་བས་ས་ཆེན་འདེགས་མཁན་རེ།།

ཐོལ་གྱིས་ནུབ་དང་གཤེགས་པའི་རྗེས་ཤུལ་ནས།།

ཤེས་དམན་སྐྱེ་བོས་ད་གཟོད་རིན་ཐང་རྟོགས།།

 

འདི་ན་རིགས་མཐུན་བསོད་ནམས་ཤུགས་ཆུང་བས།།

ལུགས་གཉིས་ཕན་བདེའི་བསིལ་ཟེར་འཇོ་བ་ཡི།།

བཤེས་གཉེན་དུང་གི་ཟླ་གཞོན་ནུབ་པ་ཡིས།།

ཕངས་ཤིང་གདུང་བའི་ན་ཟུག་འཇགས་པར་དཀའ།།

 

ཆོས་ཀྱི་ཁྲི་ན་ལུང་རྟོགས་གསེར་འཁོར་འཛིན།།

སྲིད་ཀྱི་གདན་དུ་ལེགས་བཤད་རྒྱལ་མཚན་ཐོགས།།

མཛད་བཟང་གཟི་འོད་གངས་ལ་སྤྲོས་པ་ཡི།།

སྐྱེས་མཆོག་འཇམ་དབྱངས་གྲགས་པའི་དཔལ་འབར་བསྔགས།།

 

ཕྱི་རུ་བློ་བཟང་རྒྱལ་བའི་རྣམ་ཐར་མཛེས།།

ནང་དུ་མི་ཕམ་བླ་མའི་མཁྱེན་རབ་འབར།།

གསང་བ་མཚོ་སྐྱེས་གུ་རུའི་དགོངས་པ་རྫོགས།།

གསུམ་ལྡན་རྡོ་རྗེ་འཛིན་པར་མགོས་ཕྱག་འཚལ།།

 

ཤར་ནུབ་རིག་པའི་གཞུང་ལ་སྤྱན་རས་ཡངས།།

གནའ་དེང་ལེགས་བཤད་མ་འགལ་ཐུགས་སུ་འཁྱིལ།།

བཀའ་བབས་གྲུབ་མཐའི་ཉམས་ལེན་གཅིག་སྒྲིལ་བའི།།

དགེ་བའི་བཤེས་གཉེན་ཁྱེད་འདྲ་དཀོན་པའི་མཆོག།

 

སྐྱེས་ཆེན་གང་གི་ཡང་སྲིད་ཅེས་ཞུས་ཀྱང་།།

མཁས་བཙུན་བཟང་པོའི་རྣམ་ཐར་གཅིག་ཙམ་གྱིས།།

བདེན་པའི་གཏན་ཚིག་ངང་གིས་ཤར་བ་ཡིས།།

དུས་ཀྱི་སྤྲུལ་གཟུགས་སྟོང་གི་གཟི་མདངས་འཕྲོག།

 

མདོ་སྔགས་ཆོས་ཚུལ་འཆད་པའི་རྩལ་རྫོགས་ཤིང་།།

དབུ་ཚད་མཇིང་བསྣོལ་རྩོད་པའི་མཆེ་སྡེར་རྣོ།།

སྙན་གསལ་རྩོམ་པའི་ང་རོ་ཆེར་སྒྲོགས་པ།།

ཕྱག་རྫོགས་ཟུང་འཇུག་རྣལ་འབྱོར་གདོང་ལྔའི་དབང་།།

 

གནའ་བོའི་གཞུང་དང་ལེགས་བཤད་འབེལ་གཏམ་ནས།།

དེང་རབས་གསར་བྱུང་མིང་གི་མཛོད་ནས་བཟུང་།།

སློབ་དཔོན་ཁྱེད་ཀྱི་རྣམ་དཔྱོད་སྒོ་ཡངས་ལས།།

ཅི་ཡང་བྱོན་ལ་གང་ལས་དང་བ་འཕེལ།།

 

རིགས་ཞེན་ལྷག་བསམ་འདབ་དྲུག་ཁ་བའི་གར།།

གངས་ཀྱི་རི་བོར་ཆད་མེད་བབས་པའི་དཔལ།།

རིག་པའི་སློབ་གླིང་སྟོང་ན་མངོན་པར་འཚེར།།

སྐད་དང་ཡི་གེ་གདངས་སུ་བཅུད་ཀྱིས་ཆགས།།

 

མི་ཉག་མཁས་པ་མི་ལྔའི་རྗེས་རབས་པ།།

ཁྱོད་དང་ཁྱེད་འདྲ་བྱོན་པ་སྐལ་བ་ཡག།

འདི་ན་ན་གཞོན་རིག་སྨྲ་གང་མང་གིས།།

ཁྱེད་ཀྱི་ཞབས་རྗེས་སྙེག་པའི་ཉམས་བཟང་རྨད།།

 

སྲིད་པའི་མྱ་ངན་འདི་ནས་འདས་པ་ལ།།

མིག་ཆུས་སྐྱེལ་མ་ལྟ་བུ་མི་འོས་མོད།།

རིགས་ཀྱི་བདེན་པ་རིག་པས་སྲུང་བ་ལ།།

སྐུ་ཉིད་བཞུད་པར་སྔ་བས་མཆུ་མ་འཆོར།།

 

ཞི་དབྱིངས་གདོད་མའི་རྒྱལ་སར་གཤེགས་པ་ལ།།

མྱ་ངན་ཚིག་གིས་ཀུ་ཅོ་མི་འོས་མོད།།

ཆོས་ཚུལ་ལུང་དང་རྟོགས་པས་འཛིན་པ་ལ།།

ཁྱེད་སྐུ་ཞི་བར་གཟིམས་པས་སྐྱོ་ཞིང་གདུང་།།

 

དེ་ལྟར་མ་བཅོས་ཚིག་གི་ཕྲེང་བ་ཡིས།།

བཤེས་གཉེན་གང་གི་གསང་གསུམ་ཡོན་ཏན་ལས།།

བློ་ལ་ཤར་ཚད་གདུང་བའི་ཚོར་བ་དང་།།

གཅིག་ཏུ་འདྲེས་པར་རྗེས་དྲན་ཟོལ་དུ་བྲིས།།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

རྗེས་དྲན་སེམས་ཀྱི་རླབས་ཕྲེང་།

སློབ་མ་ཚེ་རིང་དབྱངས་འཛོམས།

 


ཤེས་བྱའི་རྩི་བཅུད་བསྡུས་པའི་སྐལ་ལྡན་བདག།

ཚེ་སྔོན་བསགས་པའི་ལས་ཚོགས་ལ་བརྟེན་ནས།།

བཅུ་ཕྲག་ཉི་འོད་འཕྲོས་པའི་སློབ་གླིང་དུ།།

བཤེས་གཉེན་ཁྱེད་སྐུའི་དྲུང་དུ་སློབ་བུར་གྱུར།།

 

ཁྱེད་སྐུ་བཅུ་ཕྲག་རིག་པའི་ནོར་གྱིས་ཕྱུག།

ཁྱེད་ལ་འཆད་རྩོད་རྩོམ་གྱི་ཡོན་ཏན་མངའ།

ཁྱེད་ལ་ཀུན་ཕན་ལྷག་བསམ་དཀར་པོ་ལྡན།།

རྐང་དྲུག་གདུལ་བྱ་ཚོགས་བཞིན་ཁྱེད་ལ་འཁོར།།

 

རང་སྐད་རང་ཡིག་བསླབས་པར་ཁྱད་དུ་འ྄ཕགས།།

རྨོངས་པའི་མུན་པ་འཇོམས་མཁན་འོད་སྟོང་ཉིད།།

ཐུགས་རྗེའི་འོད་སྣང་གཞོན་ནུ་ཕྱོགས་སུ་འཕྲོས།།

རིག་པའི་ལྡེ་མིག་ཕྱེ་མཁན་ཁྱེད་ལ་འདུད།།

 

ཞལ་གསུང་བདུད་རྩིའི་གསུང་གི་ཟེགས་མ་ཡིས།།

སློབ་བུའི་རྒྱུད་ལ་རིག་པའི་ས་བོན་བཏབ།།

བཀའ་དྲིན་གཞལ་མེད་ཁྱེད་ཀྱི་བྱམས་སྐྱོང་འོག།

སློབ་བུ་དག་ལ་རིག་པའི་གཤོག་རྩལ་རྒྱས།།

 

བཤེས་གཉེན་ཁྱེད་ཉིད་ཉིན་བྱེད་དབང་པོ་ལགས།།

བཤེས་གཉེན་ཁྱེད་ཉིད་ལམ་སྟོན་སྒྲོན་མེ་ཡིན།།

བཤེས་གཉེན་ཁྱེད་ཀྱི་ཐུགས་བརྩེ་ཟབ་མོ་དེ།།

བསྐལ་བ་མཐར་ཡང་དྲིན་ལན་གཞལ་ཐབས་བྲལ།།

 

བདག་གི་དྲན་ཤེས་གསེར་གྱི་མེ་ལོང་ངོས།།

བཤེས་གཉེན་དམ་པ་ཁྱེད་སྐུ་ཡལ་ཐབས་བྲལ།།

ཁྱེད་རང་ཆོས་དབྱིངས་དགོངས་པ་རྫོགས་པ་འདི།།

སེམས་ཀྱི་རྨ་ཁ་ནམ་ཡང་སོས་ཐབས་བྲལ།།


མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

རྗེས་དྲན་མིག་ཆུའི་བཞུར་སྒྲ།

རྟའུ་དགེ་བཤེས་ཕུན་ཚོགས།

 


རྨོངས་པའི་དྲ་བ་དུམ་བུར་གཅོད་མཛད་ཅིང་།།

ཤེས་རབ་འོད་སྣང་གསར་པ་ཀུན་ནསསྩོལ།།

བདེན་དོན་གཤིས་ཀྱི་གནས་ལུགས་རབ་ཡངས་ཕྱེས།།

བདག་གི་བླ་མ་འཇམ་དབྱངས་གྲགས་པར་འདུད།།

 

སྐུ་ཡི་དཀྱི་ལ་འཁོར་ཟླ་འོད་བཞིན་དུ་གསལ།།

གསུང་གི་འཕྲིན་ལས་རིགས་ཀྱི་མྱུ་གུ་སྨིན།།

ཐུགས་ཀྱི་བྱམས་བརྩེ་་འགྲོ་བ་ཡོངས་ལ་ཁྱབ།།

བླ་མའི་མཛད་རྗེས་རགས་ཙམ་འབྲི་བར་བྱ།།

 

འཇམ་དཔལ་མཚན་བརྗོད་ཡབ་མེས་དུང་བསྒྲུབས་ཏེ།།

དབྱངས་ཅན་དགའ་བའི་ལྷ་མཆོག་ཤེས་རབ་རྩལ།།

ཉན་ཤུལ་རིགས་ལ་བུམ་པ་གང་འཇོའི་ཚུལ།།

བསྩལ་བའི་ཉིད་ཀྱང་མི་མཁས་ག་ལ་སྲིད།།

 

དམ་པ་ཁྱེད་ཀྱིས་ནགས་ལས་སྨན་ཁང་དུ།།

འཚོ་བྱེད་ཆེན་མོའི་ཕྱག་ལས་གནང་བའི་ཚེ།།

རང་དགོན་གྲྭ་བ་ལྔ་བཅུ་ཙམ་དང་ལྷན།།

ལྗོན་དབང་གསལ་མེ་ཁྲིད་པ་རབ་ཏུ་དྲན།།

 

དེ་ཚེ་ཉིད་ཀྱི་འཛུམ་པའི་ཞལ་ཁྱིམ་ནས།།

ནག་པང་གྲུ་བཞིར་ཕྱག་རྩལ་ངོམས་བཞིན་དུ།།།

གནད་ལ་འཁེལ་བའི་སློབ་ཁྲིད་མཛད་པའི་རྗེས།།

རྟག་པར་ཁོ་བོར་དཔེ་བརྗོད་འབྲི་འཇུག་དྲན།།

 

དངོས་མང་ཚོང་ཟོག་འཁྲིགས་པའི་དར་མདོ་ན།།

གཞུང་དོན་ལུང་དང་རིགས་པའི་འཁྲིད་པའི་ཚེ་།།

ཐབས་མཁས་ཐུགས་རྗེའི་འོད་ཞགས་ཁོ་བོ་ཡི།།

ཡིད་ངག་སྒོ་མོར་འཕྲོ་ཞིང་གསལ་བ་དྲན།།

 

མདོ་ཁམས་གུ་དྲག་ཁམས་པའི་མཐོ་སློབ་ཏུ།།

དགེ་རྒན་ཆེན་མོ་མཁྱེན་རབ་འོད་གསལ་དྲུང་།།

ངེད་གཉིས་བཅར་ཞིང་ཞགས་གཉིས་བཞུགས་པའི་དུས།།

སྟག་སེང་ཁ་སྤྲོད་རིག་པ་གླེང་བ་དྲན།།

 

མི་ཉག་ཀ་བཞི་དགོན་པར་གུང་གསེང་སྐབས།།

བདག་ལ་བརྡ་སྤྲོད་ཁྲིད་ཅེས་་བཀའ་ཡིས་བསྐོས།།

ཉིད་ཀྱིས་ང་ཚོར་སྤྱོད་འཇུག་ལྗགས་ཁྲིད་གནང་།།

ཁོ་བོར་ཉམས་མྱོང་བློ་བསྐྱེད་རག་པ་དྲན།།

 

ལྔ་པ་ཆེན་པོས་བཏབ་པའི་ཉ་མཚོ་དགོན།།

འཆད་ཁྲིད་མཛད་ཅིང་ཀུན་བཟང་འཁོར་ལོ་བརྩམས།།

ལྷན་རྒྱས་བསྡུས་ཤིང་དགོན་པའི་བྱུང་རིམ་མཛད།།

སྟག་རོང་ཤུལ་རྗེས་འཚོལ་རྙེད་མཁས་དབང་དྲན།།

 

མཛད་རྗེས་སྤུངས་ན་རི་བོའི་གཏོས་ལས་མཐོ།།

རྟོགས་པ་བརྗོད་ན་སྐད་ཆའི་ཆུ་སྣ་རིང་།།

སྙན་ངག་བྲིས་པ་རང་བཞིན་བརྗོདཔ་མང་།།

སྐྱོ་བའི་མིག་ཆུའི་བཞུར་སྒྲ་འདི་ན་འཇོག།


 

འདི་ནི་སྐུ་དྲིན་གཟོ་སླད་སོར་རྩེ་སྒུལ།།

འབྱུང་བའི་དགེ་བས་སྐུ་བཞིའི་སྒྱུ་འཕྲུལ་བཞེངས།།

ཡང་སྲིད་ཉིན་བྱེདམི་ཉག་ཀ་བཞི་དགོན།།

སླར་ཡང་ཤར་བའི་སྨོན་འདུན་ལམ་བརྒྱར་ཞུའོ།།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

རྗེས་དྲན་འཇག་མའི་ཤུགས་གླུ།

སེ་ར་དགོན་གྱི་དགེ་འདུན།

 


ལེགས་བཤད་རྫ་ཆབ་དྭངས་མ་ལྷུང་ལྷུང་དུ་བབས་པས།།

སྐལ་ལྡན་བུ་སློབ་གཤོག་དྲུག་ཉ་མོ་ཡི་ཚོགས་ལ།།

དོན་གཉིས་ལྷུན་གྱིས་གྲུབ་པའི་དགེ་མཚན་ཞིག་བསྩལ་བྱུང་།།

སྐུ་ཉིད་བཀའ་དྲིན་ཆེ་འོ་ངེས་དོན་གྱི་བླ་མ།།

 

རབ་འབྱམས་ཤེས་བྱའི་གཞུང་ལུགས་ཐོགས་མེད་དུ་མཁྱེན་པའི།།

བཅུ་ཕྲག་རིག་པའི་མཛོད་འཛིན་མཚན་ལྡན་གྱི་བཤེས་གཉེན།།

དེང་གི་མཁས་མིང་ཁུར་བའི་མི་ཆེན་གྱི་ཚོགས་ལ།།

གང་གི་ཡོན་ཏན་རྒྱ་མཚོའི་ཆ་ཤས་ཀྱང་མ་མཆིས།།

 

གངས་ལྗོངས་ཤེས་རིག་མེ་ཏོག་འབུམ་ཕྲག་གི་ཚལ་དུ།།

ཁྱད་འཕགས་ནོར་བུའི་ཆ་རྫོགས་རིག་བྱེད་ཀྱི་ཉི་གཞོན།།

འོད་ཟེར་སྟོང་གིས་བརྒྱན་ཏེ་བསིལ་ལྗོངས་སུ་ཕེབས་པ།།

སྐལ་ལྡན་སློབ་བུ་འབུམ་གྱི་དཔྱིད་དཔལ་དུ་ཚེས་བྱུང་།།

 

བསླབ་གསུམ་ཚུལ་ཁྲིམས་དག་པའི་དྲི་ངད་ཀྱིས་ཕྱུག་ཅིང་།།

གདོང་དམར་ཕ་སྐད་གཙང་མའི་སྙིང་བཅུད་ཀྱི་མཛོད་ཡིན།།

མཐའ་བྲལ་ཤེས་རིག་རྒྱ་མཚོའི་ཕ་མཐའ་ལ་བརྒལ་བའི།།

བསིལ་ལྡན་ཐུ་བྷོད་མེས་པོའི་སྐད་ཡིག་གི་རྐང་ཡིན།།

 

དམ་པའི་གཞུང་ཆེན་འཆད་མཁས་གངས་སེང་གི་ང་རོས།།

ལོག་རྟོག་དབྱར་སྐྱེས་རྔ་སྒྲ་སྤྲིན་གསེབ་ཏུ་ཡིབ་སོང་།།

རྩོད་པའི་རིགས་ལམ་རྟ་བདུན་དབང་བོ་ཡི་ཟེར་བརྒྱས།།

ཕས་རྒོལ་མུན་པའི་དཔུང་ཚོགས་ལྷག་མེད་དུ་བཅོམ་བྱུང་།།

 

སྙན་འཇེབས་རྩོམ་པའི་རིག་བྱེད་དགའ་མ་ལ་སྤྲོ་བས།།

སྡེབ་ལེགས་སྙན་ངག་བུ་མོའི་འཇོ་སྒེག་གི་སྟངས་སྟབས།།

བློ་ལྡན་གཞོན་ནུ་སྟོང་གི་འདྲེན་བྱེད་ཀྱི་ལམ་དུ།།

སྟོན་མཁས་རྒྱ་གར་སློབ་དཔོན་དནྜི་ཡི་སྤུན་ཡིན།།

 

 ཁྱེད་ཉིད་མ་བཞུགས་ཞིང་མཆོག་གཞན་ཡུལ་དུ་ཕེབས་པས།།

སྐལ་ལྡན་སློབ་ཚོགས་གྲངས་མེད་སྨྲེ་ངག་གིས་མནར་བྱུང་།།

བདེ་ལྡན་འཆི་མེད་སྐྱིད་པའི་དགའ་ཚལ་གྱི་གླིང་ནས།།

ཐུགས་རྗེ་ལྕགས་ཀྱུས་མ་དོར་སྐྱབས་གནས་ཀྱི་བླ་མ།

མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽

རྗེས་དྲན་གྱི་གདུང་འབོད།

མི་ཉག་ཀ་བཞི་བ་ཚེ་དབང་ནོར་བུ།

 

འགྲོ་ལ་ལམ་བཟང་འདོམས་མཁས་ལྷ་ཡི་ལྷ།།

ཉོན་མོངས་ནད་ཀུན་གཞིལ་མཛད་སྨན་གྱི་མཆོག།།

གཏན་བདེ་ལམ་བཟང་སྐྱེལ་པོ་ཆོས་ཀྱི་གྲོགས།།

ཚེ་རབས་ཀུན་ཏུ་མཆོག་གསུམ་སྐྱབས་སུ་འགྲོ།།

 

མི་ཤེས་མུན་པའི་སྨག་རུམ་སེལ་བ་ལ།།

ཉིན་བྱེད་སྟོང་གི་མདངས་ལས་རབ་གསལ་བའི།།

རྒྱལ་བའི་ཡུམ་གྱུར་རྒྱལ་སྲས་འཇམ་དབྱངས་ལྷས།།

ཤེས་རབ་འོད་ཀྱི་སྣང་བ་སྩོལ་ཏུ་གསོལ།།

 

འགྲོ་བའི་སྡུག་ཀུན་གཏན་དུ་གཞིལ་མཛད་ཅིང་།།

འཕྲལ་ཡུན་གཏན་བདེ་ལམ་བཟང་སྟོན་པ་ལ།།

རྒྱལ་ཀུན་འཕྲིན་ལས་ཡང་སྙིང་གསུང་གི་མཛོད།།

མ་ལུས་སྲོག་ཏུ་ཞུགས་པའི་སྐད་ཡིག་འདི།།

 

མགོན་མེད་དུས་ཀྱི་སྙིགས་མའི་རླུང་འཚུབ་ཁྲོད།།

འཇིག་ལ་ཉེ་བའི་དུས་མཐའི་མར་མེ་ཞིག།།

མི་འཇིགས་ཕྱག་གིས་སྐྱབས་ཀྱི་སྦྱིན་མཛད་པའི།།

རིགས་ཀྱི་དཔའ་བོ་ཁྱེད་ཉིད་གང་དུ་བཞུགས།།

 

འཆད་པས་བཅུ་ཕྲག་རིག་པའི་མདུད་རྒྱ་བཀྲོལ།།

རྩོད་པས་སྨྲ་ངན་ཚོགས་ཀུན་མཐའ་རུ་བསྐྲད།།

རྩོམ་པའི་ལེགས་བཤད་མཁས་དགུ་ཡིད་དབང་འཕྲོག།།

མཁས་པའི་དབང་པོ་ཁྱེད་ཉིད་གང་དུ་བཞུགས།།

 

བཅུ་ཕྲག་རིག་དང་ལྷག་པར་སྨན་གཞུང་ལ།།

མཁྱེན་རྒྱ་ཡངས་ཤིང་ཐུགས་མྱོང་ཤིན་ཏུ་ཆེ།།

སྨན་སྦྱོར་གཏར་བསྲེག་སོགས་ལ་བྱང་ཆུབ་པའི།།

སྨན་གྱི་བླ་མ་ཁྱེད་ཉིད་གང་དུ་བཞུགས།།

 

ཆོལ་གསུམ་སྤྱི་དང་མི་ཉག་ཡུལ་གྲུ་རུ།།

སློབ་བུ་སྟོང་ལ་བོད་ཀྱི་འདུ་ཤེས་དང་།།

སྐད་ཡིག་སྲོག་གི་རྩ་བ་བྱིན་མཛད་པའི།།

 

དགེ་རྒན་ཆེན་པོ་ཁྱེད་ཉིད་གང་དུ་བཞུགས།།

ལྷག་པར་ཀ་བཞི་ཡུལ་དགོན་གཉིས་པོ་ལ།།

ཚད་མེད་ཐུགས་རྗེས་རྟག་ཏུ་བསྐྱངས་མཛད་པ།།

དུས་གསུམ་ཀུན་ལ་སྨན་པའི་གདམས་ངག་དཔྱིད།།

ཁྱེད་ཉིད་ལས་གཞན་སུ་ལ་ཞུ་དགོས་སམ།།

 

ཉན་པོ་སྣོད་ཀྱི་སྐྱོན་ལྡན་བླུན་རྨོངས་ངས།།

གདམས་ངག་ཟབ་མོ་ཁྱེད་ལས་མང་ཐོས་ཀྱང་།།

ཕལ་ཆེར་རྐུན་པོ་བརྗེད་ངེས་ལག་ཏུ་ཤོར།།

འདི་དག་བསམ་ཚེ་ཡིད་སེམས་གཏིང་ནས་སྐྱོ།།

 

འོན་ཀྱང་ཁྱེད་ཀྱིས་རྣམ་ཀུན་ཉིང་གསུང་ཞིག།།

སྒྲ་དག་དུས་གསུམ་ཚང་ནས་བཤད་དགོས་ཏེ།།

བོད་ཡིག་ལས་གཞན་བོད་སྐད་མེད་པ་སོགས།

གནད་ལ་ཁེལ་བའི་གདམས་ངག་བཟང་པོ་དྲན།།

 

གདུལ་བྱ་ཆོས་བསྐུལ་རྟག་འཛིན་ཟློག་པའི་སླད།།

ངོ་མཚར་རྟགས་མཚན་བཟང་པོ་ལྟས་དང་བཅས།།

ཁྱེད་སྐུ་རེ་ཞིག་ཞི་བར་གཤེགས་མཛད་ཀྱང་།།

ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་འཛིན་ཤོག།


རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེའི་མཐའ་མའི་གསུང་རྩོམ་ཞིག
  • ལེ་ཚན་རྗེས་མ།:སྡོང་མགོར་བབས་པའི་བྱེའུ་ཆུང་།