སྨྲ་བའི་སེང་ཆེན་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་རྗེས་སུ་དྲན་པའི་གཏམ་དད་གདུང་མཆི་མའི་རླབས་ཕྲེང་།

སྐུ་ཚ་ཨོ་རྒྱན་དོན་གྲུབ།        2019-11-08

ཐུབ་བསྟན་ལུང་རྟོགས་བསྟན་པའི་བདུད་རྩིའི་བཅུད།།

མ་ལུས་འཐུང་བའི་ཆ་ཤས་ཀུན་ནས་རྫོགས།།

མཁྱེན་བརྩེ་འོད་དཀར་འཇམ་པོའི་དཀྱིལ་འཁོར་ཅན།།

ཉན་ཤུལ་འཇམ་དབྱངས་གྲགས་པ་སྲིད་ན་རྒྱལ།།


ཉམས་མེད་ཙོང་ཁའི་རིང་ལུགས་རིག་པའི་བཅུད།།

ངོམ་མེད་འཐུང་བའི་ཡེ་ཤེས་དགོངས་པའི་ཀློང་།།

གཅིག་ཏུ་རྫོགས་མཛད་དུས་མཐའི་རྣལ་འབྱོར་བ།།

གྲུབ་པའི་དབང་ཕྱུག་ཉན་ཤུལ་རིགས་ཀྱི་སྲས།།


མཁྱེན་པའི་དབྱིངས་ནས་ཤེས་བྱའི་དུང་ཟླ་གསལ།།

བརྩེ་བའི་ཐུགས་རྗེས་རིགས་ཀྱི་ཀུ་མུད་བསྐྱངས།།

ནུས་པའི་སྟོབས་ལ་མཁས་དགུས་གཙུག་ཏུ་བཀུར།།

མགོན་ཁྱེད་དུས་ཀྱི་མ་ཧ་པཎ་ཆེན་ཡིན།།


རབ་འབྱམས་ཤེས་བྱའི་ཕྱི་ནང་ཡོན་ཏན་ཀུན།།

མ་ལུས་བསགས་མཛད་རིག་པའི་བདུད་རྩིའི་བཅུད།།

སྐལ་ལྡན་གདུལ་བྱའི་ཚོགས་ལ་འགྱེད་མཁས་པའི།།

སྨྲ་བའི་ཁྱུ་མཆོག་མཛད་འཕྲིན་འོད་རླབས་ཅན།།


ཐོས་བསམ་སྒོམ་པའི་ལྷ་ལམ་ཡངས་པོ་རུ།།

མཁས་བཙུན་བཟང་བའི་ཉི་བྱེད་འོད་ཀྱིས་འཚེར།།

འཆད་རྩོད་རྩོམ་པའི་བརྩེ་བའི་དྲོལ་ཁོལ་ཀྱིས།།

གདུལ་བྱ་པད་ཚལ་བསྐྱངས་བའི་ཚུལ་འདི་རྨད།།


མདོ་སྨད་རབ་སྒང་རིང་མོའི་ས་ཡི་ཞིང་།།

མཁས་མང་གསེར་གྱི་ས་འཛིན་ཕྲེང་བའི་དབུས།།

ཉན་ཤུལ་རིག་པའི་ཚང་ཚིང་འཁྲིགས་པའི་ཀློང་།།

ཁྱེད་ཉིད་ཤེས་རབ་མཛོད་ཀྱི་ཀ་ཆེན་ཡིན།།


ལྔ་རིག་མཐའ་བྲལ་ཀུན་གསལ་ཡངས་བོའི་ཁྱོན།།

ཐོས་བརྩོན་སྟོབས་ཀྱིས་གཤོག་རླབས་བསྒྱུར་བ་ན།།

རིགས་པའི་དཔའ་བོ་དུས་ཀྱི་མཁའ་ལྡིང་ཆེ།།

ཉན་ཤུལ་འཇམ་དབྱངས་གྲགས་པ་སྨྲ་བའི་དབང་།།


ཁྱེད་ཐུགས་ཤེས་རབ་ཉི་མའི་འོད་གསལ་བས།།

གྲུབ་མཐའི་ཆགས་སྡང་སྨུག་སྤྲིན་མ་འཁྲིགས་ཤིང་།།

ཁྱེད་ཀྱིས་བསྐྱངས་བའི་བསྐལ་ལྡན་གདུལ་བྱའི་ཚོགས།།

རིགས་ཀྱི་ལས་ལ་ཞབས་ཞུའི་བསྐལ་བ་བཟང་།།


ལུགས་གཉིས་མཛད་འཕྲིན་བཟང་པོའི་ཉིན་བྱེད་དབང་།།

གངས་རིའི་བསོད་ནམས་ཞིང་གི་མཁའ་ནས་གསལ།།

རིགས་ཀྱི་གདུལ་བྱའི་པདྨོ་ལེགས་བསྐྱངས་བའི།།

བླ་མེད་སྐུ་དྲིན་སྒང་བ་བོད་ལ་ཆེ།།


རིགས་ཀྱི་འདུ་ཤེས་དགོས་པའི་བཀའ་སློབ་དང་།།

མི་ཚེ་ལེགས་ལམ་སྟོན་པའི་གདམས་ངག་སོགས།།

གཅིག་མིན་ལན་མང་གནང་བའི་ཐུགས་རྗེའི་མཐུས།།

སྐུ་ཚའི་མི་ཚེར་བཀའ་དྲིན་ལྷག་ཏུ་ལྕི།།


ཚེ་ཡི་འདུ་བྱེད་བསྡུས་པའི་ཚུལ་བསྟན་ཡང་།།

སྐྱེ་འཆི་རང་དབང་འབྱོར་བའི་སེམས་དཔའ་ཆེ།།

རེ་ཞིག་ཞིང་གཞན་གཤེགས་པའི་མཛད་ཚུལ་འདི།།

ཤུལ་ལུས་ཚ་བུ་ང་ལ་གདུང་བ་ལྗིད།།


ཁྱེད་སྐུ་ཡོངས་འདུའི་ལྗོན་བཟང་རྒྱས་པའི་ཚེ།།

ཞལ་གསུང་གསེར་གནག་རིལ་བུའི་གདམས་པའི་ངག །

ཐུགས་དགོངས་ཞལ་ལྕེ་ཀློང་ནས་གནང་བ་འདི།།

ཕྱི་དྲན་སྒོ་གླེགས་ཕྱེ་ན་སྐྱོ་བའི་གཞི།།


སྐུ་ཚེ་རིག་པར་འགྲོགས་པའི་ཐུགས་རྗེ་དང་།།

ཐུགས་དགོངས་རིགས་ལ་བཞེས་པའི་འདུ་ཤེས་སོགས།།

ཁྱེད་ཀྱི་མཛད་འཕྲིན་ཕྱག་རྗེས་དཀར་པོ་དེ།།

གངས་ཀྱི་རི་བོའི་ངོས་སུ་ལྷམ་མེར་མངོན།།


དགོན་པར་ཕེབས་ནས་ཆོས་ཀྱི་འཆད་ཉན་སྤེལ།།

སློབ་གྲྭར་ཞུགས་ནས་རིགས་ཀྱི་གདུལ་བྱ་བསྐྱངས།།

བོད་ལ་ལུགས་གཉིས་མཛད་རྗེས་རབ་ཆེ་བའི།།

ཀྱེ་མ་ཞང་རྒན་ཁྱེད་ཉིད་ཡང་ཡང་དྲན།།


གསུང་རྩོམ་པོ་ཏི་བརྩིགས་པའི་བང་རིམ་ན།།

མི་ཉག་རབ་སྒང་རིང་མོའི་བྱུང་རབས་ཀྱི།།

སྔར་མེད་ལོ་རྒྱུས་གསལ་བའི་ཞལ་གསུངས་འདི།།

མདོ་ཁམས་ལོ་རྒྱུས་རིག་པའི་ནོར་བུ་ཡིན།།


མཁྱེན་དཔྱོད་གཏེར་ལས་འཁྲུངས་པའི་བརྡ་སྤྲོད་གཞུང་།།

སུམ་རྟགས་རྣམ་བཤད་ཆུ་བོ་གཅིག་འདྲེས་རྒྱུན།།

དཀའ་གནད་མ་ལུས་རྟོགས་པའི་བློ་དམན་པས།།

ད་ནི་བརྡ་སྤྲོད་བཀའ་འདྲི་སུ་ལ་ཞུ།།


བསྟན་སྲིད་འགྲོ་བའི་དོན་ཆེན་ཁུར་བཞེས་ཤིང་།།

རྒྱལ་ཁམས་རིག་པས་བསྐོར་བའི་བཀའ་ཐུབ་པ།

གངས་རིའི་སྟོད་སྨད་ཞིང་གི་གནའ་ཤུལ་ཁག །

ཞབས་ཟུང་གསེར་གནག་བཅགས་པའི་ཐུགས་རྗེ་ཅན།།


གོང་དཀར་སྟོད་ལུང་གཞུང་གི་ས་ཆ་རུ།།

སོག་གྲི་ངར་མ་གཡུག་པའི་རལ་ཁ་ནས།།

སྡེ་སྲིད་སངས་རྒྱམ་དབུ་མགུལ་ལྷུང་ཤུལ་དེར།།

ཁྱེད་ཀྱི་སྤྱན་ཆབ་ལྷུང་བའི་ལོ་རྒྱུས་ཡོད།།


གངས་ལྗོངས་ཆོས་རིག་སྒྲོན་མེའི་གཟི་འོད་དེ།།

མ་རུང་དུས་རླུང་འཚུབ་མས་གསོད་ཉེ་ཚེ།།

ཡང་དར་སྲིད་བཟང་དུས་ཀྱི་དྲོད་ཁོལ་འོག །

ཉིད་ཀྱི་མཛད་པའི་རི་མོ་གང་གིས་མཚོན།།


སྔོན་ཞིག་བཞི་དགུ་ལ་ཡི་འགྲམ་ལོགས་ན།།

ས་མིག་གཡང་གི་རྟེན་འབྲེལ་འགྲིག་ཡོད་ཅེས།།

རིག་པའི་རྒྱུད་ཀྱི་ཆད་མེད་འཁྲུངས་རབ་ཀྱི།།

ཞལ་གསུངས་དྲོན་མོ་འདི་དག་དྲན་པའི་གཞི།།


ཁྱེད་ཞལ་དུང་མདོག་ཟླ་བའི་དཀྱིལ་འཁོར་ལ།།

མི་རྟག་དགྲ་གཅན་མཆེ་བས་གཙིགས་པ་འདི།།

གངས་ལྗོངས་རིག་པའི་ཚལ་གྱི་གྱོང་ཡིན་པས།།

ལས་དབང་འདི་ལ་ཤུགས་རིང་སུས་མི་གཏོང་།།


ཁྱེད་ཉིད་ཞལ་གྱི་པད་མོ་བཞུགས་རིང་གི།།

ཟླ་ངོ་གཅིག་ཙམ་གོང་གི་ཕྱི་དྲོ་ཞིག །

ཕྲན་ཆུང་མ་འབྱོར་ཡུན་རིང་འགོར་སོང་ཞེས།།

རེ་སྒུག་ངག་འཕྲིན་དྲན་ན་སྐྱོ་བས་གཟིར།།


ལྕགས་ལའི་ཕ་མཁར་རིང་མོ་ཞིག་ཤུལ་ནས།།

ཞང་རྒན་ཁྱེད་ཉིད་དྲན་པའི་སྐྱོ་གདུང་གི།།

མིག་ཆུ་སྨྱུག་རྩེར་དྲངས་པའི་ཟིན་ཐོར་འདི།།

ཉན་ཤུལ་གྲལ་མཐར་སྐྱེས་པའི་ཚ་བུས་བྲིས།།


  • ལེ་ཚན་སྔོན་མ།:མཁས་དབང་ཉན་ཤུལ་འཇམ་དབྱངས་གྲགས་པ་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།:རྗེས་དྲན་གྱི་གདུང་འབོད།