བུམ་ནང་གི་མེ་ཏོག

ཆབ་རོམ།        2019-11-06

ཉི་ནུབ་དབུས་སུ་ཤོག་བྱ་དཀར་པོ་འཕུར། །

གཤོག་པའི་སྟེང་དུ་སྙིང་སྡུག་ཆར་བ་བབས། །

མེ་ཏོག་འདབ་མ་འཛུམ་པའི་སྐྱེད་ཚལ་ན། །

ཁྱོད་ནི་ཁ་ཁོག་གཉིས་ཀྱི་ཉི་ཟླ་ཡིན། །

གློ་དང་མཆིན་པའི་གསེང་གི་ཡོད་ཚད་ཡིན། །


རྡོ་བ་སྔོན་པོའི་སྟེང་དུ་ཚིག་འགའ་བྲིས། །

འགྱུར་མེད་བརྩེ་བའི་ལན་བོན་མང་དུ་བཤད། །


རྨི་ལམ་ནང་དུ་ཞེ་འདང་མེ་ཏོག་བཞད། །

ཚིག་གི་འཇའ་ཚོན་ཡ་ཆུང་ཁོག་ཏུ་ཚེས། །

གློ་བའི་འཕར་རྩ་འགུལ་བའི་འབྱུང་འགྱུར་ཁྲོད། །

ཁྱོད་རང་ལྷ་འམ་ལྷ་མོའི་ཚུལ་དུ་བཞུགས། །

ང་ཡི་ནམ་མཁར་མེ་ཏོག་སྟོང་ལྡན་གད། །


ལོ་ཟླའི་རྨུ་ཐག་འཐེན་པའི་སྔ་གཞུག་ཏུ། །

ཁྱོད་རང་ཨུ་དུམ་ཝ་རའི་ཚུལ་དུ་བཞད། །


ཚེས་གསུམ་ཟླ་བས་ང་ལ་ལས་འཕྲོ་བསྟན། །

ཚེ་རབས་སྐུད་པའི་ཁྲོད་ན་སྙིང་ཆུང་འགུལ། །

ལོ་ཟླའི་དབྱངས་ཟིལ་ཁྲོད་ཀྱི་ཉི་འོད་བཞིན། །

ཁྱེད་ནི་ང་ཡི་འཇིག་རྟེན་སྲིད་པའི་ངོགས། །

མཁའ་ན་འཚེར་བའི་འོད་ཀྱི་བརྩེ་སེམས་ཡིན། །


སྣང་བའི་དབུ་ཞྭ་གོན་པའི་དོ་ནུབ་བཞིན། །

ཁྱོད་ལ་རྟག་ཏུ་བརྩེ་བའི་ནམ་མཁའ་སྟོན། །


སྨག་རུམ་སྟུག་པོའི་ཁྲོད་ན་འོད་སྣང་འབར། །

དེ་ཡང་བརྩེ་བའི་དབྱངས་ཀྱི་སྒྲོན་ཆུང་ཉིད། །

ཁྱོད་ཀྱི་ཉི་ཟླ་སྟོང་གི་ནམ་མཁའ་ན། །

ནམ་ཡང་གཞལ་དུ་མེད་པའི་སྐར་ཆེན་དེ། །

ཚིག་གི་རི་མོ་དཀྲོལ་བའི་བརྡ་ཡིག་ཡིན། །


ལོ་དེར་ང་ཡིས་རྨི་ལམ་གསར་བ་རྨིས། །

ཉིན་ཞག་བགྲང་དུ་མེད་པའི་དྲན་པ་རྨིས། །

  • ལེ་ཚན་སྔོན་མ།:ཁ་ཆར་བུ་ཡུག་འཚུབ་དུས་ཡབ་ཡུམ་ལྷག་ཏུ་དྲན།
  • ལེ་ཚན་རྗེས་མ།:མཁས་དབང་ཉན་ཤུལ་འཇམ་དབྱངས་གྲགས་པ་རྗེས་སུ་དྲན་པ།