ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཕྱུག་ལོ།        2019-11-01

ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར་པེ་ཅིང་ནས་ཚོགས།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར་པེ་ཅིང་ནས་ཚོགས།


                   ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་སྒྲོག

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་དང་གཉིས་དང་།རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་རེ་དགུ་ཞུགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས། 

   ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་མཛད།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

   ཚང་འཛོམས་གྲོ་ཚོགས་སྟེང་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་ནས་དེརགགྲོས་སྡུར་བྱས་པ་དང་།ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོནལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིསཆོད་དོན་གྱི་གྲོས་སྡུར་མ་ཡིགསྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།

   ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་དོན་ལ་ཁས་ལེན་གང་ལེགས་བྱས།གཅིག་གྱུར་གྱིས་བལྟས་ན། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བའི་རྙོག་འཛིང་གི་རྣམ་པར་དམིགས་ནས།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་།མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ལ།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཧུར་ཐག་གིས་དམ་འཛིན་བཟང་པོ་བྱས་ནས།འཐབ་ཇུས་འགོད་པར་ཤུགས་བསྣན་པ་དང་། འཐབ་ཇུས་ངེས་ཤུགས་ཇེ་དྲག་ཏུ་བཏང་ལ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་གཉེར་བའི་ལས་དོན་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མུ་མཐུད་དུ་གཅིག་གྱུར་གྱིས་སྐུལ་སྤེལ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱས་ཏེ།ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་པར་མ་ཟད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་གྱིས་ཏང་སེམས་དང་དམག་སེམས།དམངས་སེམས་བཅས་ཆེས་ཆེར་བསྐྱེད་ཅིང་གཅིག་ཏུ་བསྡུས་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་ལས་བཅོས་སྒྱུར་མཐའ་འཁྱོལ་བྱེད་པའི་ཡིད་ཆེས་ཇེ་ཆེར་བཏང་།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཕན་འབྲས་མངོན་གསལ་ཡིན་པ་དང་།ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་མོ་བྱེད་པའི་ལས་དོན་སྣ་ཚོགས་ལེགས་པར་གྲུབ་ཡོད།བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་བ་དང་། དཔལ་འབྱོར་སྤྱི་ཚོགས་བདེ་ཐང་དང་བརྟན་བརླིང་གིས་གོང་དུ་འཕེལ།མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་བློ་ཐག་ཆོད་པོས་བཟང་པོར་སྤེལ་བ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལས་དོན་སྣ་ཚོགས་ཤུགས་ཡོད་ཕན་ཡོད་དུ་གྱུར་ཡོད་ལ།རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་ཟབ་མོར་སྤེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་སྐུལ་འདེད་གཏོང་བར་གསར་དུ་འཕེལ་རིམ་གལ་ཆེན་བླངས་ཡོད་པར་འདོད། 

  ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཏང་དང་མི་དམངས་ཀྱི་ཡུན་རིང་གི་ལག་ལེན་འཚོལ་ཞིབ་ཁྲོད་དུ་གྲུབ་པའི་ཚན་རིག་གི་ལམ་ལུགས་མ་ལག་ཡིན་པ་དང་།རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་དང་བྱ་འགུལ་ཡོད་ཚད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལྟར་སྤེལ་བ་ཡིན་ལ།རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་དེ་ལག་བསྟར་བྱེད་མཁན་གྱི་ནུས་པའི་གཅིག་བསྡུས་མཚོན་བྱེད་ཡིན་ཞེས་བཏོན་ཡོད།

 ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱས་ནས།ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་བླངས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་སྤྱི་སྡོམ་ཟབ་མོ་བྱས་ཏེ།འཚོལ་ཞིབ་ལག་ལེན་གྱི་རྒྱུན་མ་ཆད་པ་དང་། བཅོས་སྒྱུར་གསར་གཏོད་ཀྱི་རྒྱུན་མ་ཆད་པར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་བ་ལས།ཏང་གི་མགོ་ཁྲིད་དང་དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། དམག་དོན།ཕྱི་དོན་སོགས་ཕྱོགས་སོ་སོའི་ལམ་ལུགས་གྲུབ་ཅིང་འཕེལ་བར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་ལ་ཤུགས་བསྣན་པ་དང་འཐུས་ཚང་དུ་བཏང་སྟེ།ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་སྤེལ་དང་།ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་ཡོང་བར་སྐུལ་འདེད་བཏང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་སྟེ།ཆབ་སྲིད་གཏན་འཇགས་དང་དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད།སྤྱི་ཚོགས་ལྷིང་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་ཐད་འགན་སྲུང་སྟོབས་ཅན་འདོན་སྤྲོད་བྱས་ཡོད།ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གིས་མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་ཡོད་པ་དང་ཀྲུང་གོའི་ས་གཞི་ཆེན་མོར་རྐང་བཙུགས་ཡོད་ལ།དེར་ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ། དེ་ནི་མི་དམངས་ཀྱིས་གོང་བཀུར་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་དང་།ཚེ་སྲོག་གི་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིགམི་གྲགས་དུང་ཕྱུར་བཅུ་བཞི་ཙམ་ལ་ཉེ་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་དར་རྒྱས་གོང་འཕེལ་ལ་བསྟུད་མར་སྐུལ་འདེད་གཏོང་ཐུབ་པ་དང་ལོ་ངོ་སྟོང་ལྔ་ལྷག་གི་ཤེས་རིག་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མ་ཟད་དེར་མཐུད་ནས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པར་ར་སྤྲོད་བྱུང་ཡོད་ཟེར།
 ཚང་འཛོམས་གྲོས་ཚོགས་སྟེང་། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ཕྱོགས་མང་པོ་ནས་ཁྱད་སྟོབས་མངོན་གསལ་ལྡན་ཏེ།དེ་ལ་གཙོ་བོ་ནི་ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་ཚན་རིག་གཞུང་ལུགས་རྒྱུན་འཁྱོངས་བྱས་ཏེ།ཆབ་སྲིད་གཏན་འཇགས་སྲུང་འཛིན་བྱས་ནས། རྒྱལ་ཁབ་དུས་གཏན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་པའི་ཁྱད་སྟོབས་མངོན་གསལ་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམངས་གཙོ་གོང་སྤེལ་དང་།མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱས་ནས། མི་དམངས་ལ་དམ་དུ་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་སྟོབས་མངོན་གསལ།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས།སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་དང་མི་དམངས་ཀྱི་ཁེ་དབང་ལ་དངོས་སུ་འགན་སྲུང་བྱེད་པའི་ཁྱད་སྟོབས་མངོན་གསལ།རྒྱལ་ཡོངས་བསམ་ཇུས་གཅིག་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་བརྩོན་སེམས་བསྐྱེད་དེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ཁྱད་སྟོབས་མངོན་གསལ།མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་གྱི་འདུ་ཤེས་བརྟན་པོར་བཙུགས་ནས།མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་ཁྱད་སྟོབས་མངོན་གསལ།སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཞི་རུ་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བ།རྩོལ་བསྟུན་ཐོབ་སྤྲོད་གཙོ་གཞི་རུ་བྱེད་པ་དང་། བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་སྦྲེལ་དམ་ཟབ་བྱས་ནས། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་མ་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བའི་ཁྱད་སྟོབས་མངོན་གསལ།ཐུན་མོང་གི་ཕུགས་བསམ་ཡིད་རྟོན་དང་རིན་ཐང་འདུ་ཤེས། ཀུན་སྤྱོད་ལྟ་ཚུལ་བཅས་རྒྱུན་འཁྱོངས་བྱས་ཏེ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་བཅས་དར་སྤེལ་བྱས་ནས།མི་དམངས་ཡོངས་བསམ་བློ་དང་འདུ་ཤེས་ཀྱི་ཐད་ནས་མཐུན་སྒྲིལ་དམ་ཟབ་ཡོང་བར་ཡར་སྐུལ་བྱེད་པའི་ཁྱད་སྟོབས་མངོན་གསལ།མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལ་རྒྱུན་མ་ཆད་པར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་།མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱས་ནས། ཐུན་མོང་འབྱོར་ཕྱུག་གི་ལམ་དུ་སྐྱོད་པའི་ཁྱད་སྟོབས་མངོན་གསལ།བཅོས་སྒྱུར་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་མཁས་པར་བྱས་ནས།སྤྱི་ཚོགས་ལ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་བྱེད་པའི་ཁྱད་སྟོབས་མངོན་གསལ། སྤྱོད་ཡོན་གཉིས་ལྡན་དང་བཟང་འདེམས་འཇོན་བསྐོ་རྒྱུན་འཁྱོངས་བྱས་ཏེ།གནམ་འོག་གི་རྨད་བྱུང་འཇོན་མི་རྣམས་མཉམ་བསྡུས་ཀྱིས་བཀོལ་ནས། སྔར་ལས་མང་ཞིང་སྔར་ལས་ཁྱད་དུ་འཕགས་པའི་འཇོན་མི་སྐྱེད་སྲིང་བྱེད་པའི་ཁྱད་སྟོབས་མངོན་གསལ།ཏང་གིས་དྲག་ཆས་ལ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་ཏང་དང་མི་དམངས་ལ་མཐའ་གཅིག་ཏུ་བློ་དཀར་བར་ཁག་ཐེག་བྱས་ནས།རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་འགན་སྲུང་སྟོབས་ཅན་བྱེད་པའི་ཁྱད་སྟོབས་མངོན་གསལ།རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱས་ནས།མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་ལ་ཡར་སྐུལ་བྱེད་པའི་ཁྱད་སྟོབས་མངོན་གསལ། རང་བཙན་རང་བདག་དང་ཕྱི་ཕྱོགས་སྒོ་འབྱེད་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།འཛམ་གླིང་གི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་ཆད་མེད་དུ་འཇོག་པའི་ཁྱད་སྟོབས་མངོན་གསལ་བཅས་ཡོད།ཁྱད་སྟོབས་མངོན་གསལ་འདི་དག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན།ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་བརྟན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན་ཞེས་ནན་གྱིས་བསྟན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་།མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ནས།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་འཁྱོལ་བྱེད་པ།ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་དང་།བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བཅས་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་།གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་འབུར་དུ་ཐོན་པའི་སྒོ་ནས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།རྨང་གཞི་བརྟན་པར་བྱེད་པ་དང་ཁྱད་སྟོབས་འདོན་པ། ཞན་ཆ་གསབ་པ། མི་འདང་སར་ཤུགས་སྣོན་པ་བཅས་ལ་འབད་བརྩོན་གྱིས་མ་ལག་ཆ་ཚང་བ་དང་།ཚན་རིག་ལྟར་ཚད་དང་ལྡན་པ། འཁོར་སྐྱོད་ལ་ཕན་ནུས་ལྡན་པ་བཅས་ཀྱི་ལམ་ལུགས་མ་ལག་བཙུགས་ཏེ།མ་ལག་བཅོས་སྐྱོང་དང་ཁྲིམས་སྐྱོང་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་པ་དང་།རང་རྒྱལ་གྱི་ལམ་ལུགས་ཁྱད་སྟོབས་དེ་སྔར་ལས་བཟང་པོར་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས།ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁག་ཐེག་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི།ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པའི་སྐབས་སུ། ཕྱོགས་སོ་སོའི་ལམ་ལུགས་ལ་སྔར་ལས་ཆ་རྐྱེན་འཛོམས་པ་དང་སྔར་ལས་གཏན་ཆགས་ཡོང་བའི་ཐད་ནས་ཕན་འབྲས་མངོན་གསལ་ལེན་རྒྱུ་དང་།ཉིས་སྟོང་སོ་ལྔ་ལོར་བསླེབ་སྐབས་ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གྱུར་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པའི་སྐབས་སུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཡོངས་སུ་མངོན་འགྱུར་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་སྲ་བརྟན་ཡིན་པ་དང་ཁྱད་འཕགས་རང་བཞིན་ལེགས་པར་མངོན་པར་བྱ་རྒྱུ་དེ་ཡིན་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།ཏང་གི་ཚན་རིག་སྲིད་འཛིན་དང་དམངས་གཙོའི་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།ངེས་པར་དུ་ཏང་སྲིད་དམག་དམངས་སློབ་མ་དང་ཤར་ལྷོ་ནུབ་བྱང་དཀྱིལ་དབུས་གང་ཡིན་རུང་ཏང་གིས་ཡོད་ཚད་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ཏང་ཀྲུང་དབྱང་གི་དབང་ཟིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ།ཏང་གི་མགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། གོ་རིམ་སོ་སོར་དོན་འཁྱོལ་བྱེད་དགོས།ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་བཙུགས་ནས།ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་།ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཆེད་དུ་སྲིད་འཛིན་པ་དང་མི་དམངས་ལ་བརྟེན་ནས་སྲིད་འཛིན་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ།ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་དགོས། ངེས་པར་དུ་མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་དེ།མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་མང་པོ་བརྒྱུད་ནས་རྒྱལ་ཁབ་ཀྱི་བྱ་གཞག་དང་དཔལ་འབྱོར་རིག་གནས་ལས་དོན།སྤྱི་ཚགས་ལས་དོན་བཅས་ལ་དོ་དམ་བྱེད་པར་ཁག་ཐེག་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཞེས་པའི་རྩ་བའི་ཆབ་སྲིད་ལམ་ལུགས་འདི་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ།ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། གསོན་ཤུགས་ཀྱིས་ཁེངས་པའི་གཞི་རིམ་གྱི་མང་ཚོགས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་ཇེ་ཆེར་གཏོང་དགོས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ནང་གནས་བླང་བྱ་ཡིན་པས།ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་དེ།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པ།ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ལ་མཉམ་དུ་སྐུལ་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་འཛུགས་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་གི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།བཅའ་ཁྲིམས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་འཛིན་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།འགན་འཁྲི་གསལ་ཞིང་ཁྲིམས་ལྟར་སྲིད་སྐྱོང་བའི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་དགོས།རྒྱལ་ཁབ་སྲིད་འཛིན་དོ་དམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད་པས།ངེས་པར་དུ་སྲིད་འཛིན་ལས་ཁུངས་ཡོད་ཚད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ།མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ཐབས་ཤེས་གསར་གཏོད་བྱེད་པ་དང་སྲིད་འཛིན་ཕན་ནུས་ཇེ་ཆེར་བཏང་སྟེ།མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་སྲིད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྲིད་གཞུང་གི་འགན་འཁྲི་མ་ལག་ལེགས་སྒྱུར་བྱེད་པ། སྲིད་གཞུང་གི་རྩ་འཛུགས་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ།ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་ལེགས་པར་འདོན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱི་དབང་ལམ་ལུགས་གཙོ་གཞི་ཡིན་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ།རྩོལ་བསྟུན་ཐོབ་སྤྲོད་གཙོ་གཞི་ཡིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཡོད་པར་མ་ཟད།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཡང་འཚམ་ལ།དེ་ནི་ཏང་དང་མི་དམངས་ཀྱི་རླབས་ཆེན་གསར་གཏོད་ཡིན་པས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་ལེགས་པར་འདོན་པ་དང་།སྲིད་གཞུང་གི་ནུས་པ་བཟང་པོར་བཏོན་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་འཁྱོངས་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ནས།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་།གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སློང་དང་རྒྱབ་སྐྱོར།ཁྲིེད་སྟོན་བྱས་ཏེ། རྩོལ་བསྟུན་ཐོབ་སྤྲོད་གཙོ་གཞི་ཡིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མྱུར་མོར་འཐུས་ཚང་དུ་གཏོང་བ་དང་།ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་རྐྱེན་སྲོལ་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་དུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་སྡུད་རྒྱ་ཆེར་བྱེད་པ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པའི་རྒྱབ་རྟེན་བརྟན་པོ་ཡིན་པས།ངེས་པར་དུ་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་པོར་ངེས་པར་བྱས་ཏེ།མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསོན་ཤུགས་བསྐྱེད་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་།ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་བཟང་པོར་བསྐྲུན་དགོས། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མཛུབ་སྟོན་གོ་གནས་ཟིན་པའི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་དང་།མར་ཁེ་སི་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལམ་ལུགས་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་རིག་གནས་ཁེ་དབང་གི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།གླེང་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པའི་གླེང་ཕྱོགས་ཁྲིད་སྟོན་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་ཕན་འབྲས་ཨང་དང་པོར་བརྩི་བ་དང་། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་བྱེད་པའི་རིག་གནས་གསར་རྩོམ་ཐོན་སྐྱེད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་བྱེད་པའི་དམངས་ཚིས་འགན་སྲུང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་དགོས། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པ་དང་མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་ལ་ཡར་སྐུལ་བྱེད་པ་ནི་ང་ཚོའི་ཏང་གི་ཏང་བཙུགས་པ་ནི་སྤྱིའི་ཆེད་དུ་ཡིན་པ་དང་སྲིད་འཛིན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་ངོ་བོ་རང་བཞིན་གྱི་བླང་བྱ་ཡིན་པས།ངེས་པར་དུ་ཕྲུ་གུ་སྐྱོང་མཁན་ཡོད་པ་དང་། བསླབ་ན་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ།ན་ཚེ་སྨན་བཅོས་བྱེད་ཐུབ་པ། རྒས་ན་གཉོར་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་ལ་རོགས་སྐྱོར་ཡོད་པ་སོགས་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ།ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མས་སྐྱོར་རང་བཞིན་གྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་གཙིགས་སུ་བཟུང་ནས།མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། མི་དམངས་ཀྱི་རིམ་མང་སྣ་མང་གི་དགོས་མཁོ་བསྐང་ནས།བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱིས་ཕན་ཐོགས་པར་བྱེད་དགོས།སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཕན་པའི་ཡར་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།དམངས་ཡོངས་ཀྱི་ཚེ་གང་གི་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་འཛུགས་པ། དམངས་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས།དབུལ་སྐྱོར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱས་ཏེ། ལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་གཏན་འཇགས་སྲུང་འཛིན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན་པས།ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ།དམངས་གཙོའི་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། མང་ཚོགས་ཟབ་ཞུགས་བྱེད་པ།ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཚང་མར་འགན་ཡོད་པ་དང་ཚང་མས་འགན་འཁུར་བ། ཚང་མར་དབང་བ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས།མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་གཏན་འཇགས་ལུགས་ལྡན་ཡོང་བར་ཁག་ཐེག་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།གནས་བབ་གསར་པའི་འོག་ཏུ་མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་པར་ཐག་གཅོད་པའི་ཕན་ཡོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྤྱི་ཚོགས་བདེ་འཇགས་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཐུན་བདེ་འཇགས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་འཛུགས་པ་བཅས་བྱས་ནས། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་དམངས་ཀྱི་གཏན་མཐུད་འཕེལ་རྒྱས་དང་འབྲེལ་བའི་སྟོང་ལོའི་ཇུས་ཆེན་ཡིན་པས།ངེས་པར་དུ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་།གྲོན་ཆུང་དང་སྲུང་སྐྱོབ་སྔོན་འགྲོར་འཛིན་པ་དང་རང་བྱུང་ཁམས་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུགསྐྱེ་ཁམས་ལེགས་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་སྒོས་སྐྱོད་དེ།མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ཆེས་ནན་མོ་ལག་བསྟར་བྱས་ཏེ།ཐོན་ཁུངས་ཕན་ནུས་མཐོན་པོས་བཀོལ་བའི་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་གཟབ་ནན་དུ་གཏོང་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་འཁྱོལ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་སྒོས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་གསར་པ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་འཁྱོལ་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྩ་བ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྲོག་རྩ་ཡིན་པས།ངེས་པར་དུ་ཞི་ཅིན་ཕིང་གི་དམག་དར་དགོངས་པས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་དུ་མཛུབ་སྟོན་གོ་གནས་བརྟན་པོར་ཟིན་པར་བྱས་ཏེ།རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམག་དོན་གྱི་སྲིད་ཇུས་ལམ་ལུགས་མ་ལག་བཙུགས་ཏེ།རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ནས། ཏང་གི་དུས་རབས་གསར་པའི་དམག་དར་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དང་།མི་དམངས་དམག་དཔུང་འདི་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ།མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་བྱ། རང་གཤིས་བཅས་དུས་གཏན་དུ་སྲུང་འཛིན་བྱེད་དགོས།མི་དམངས་དམག་དཔུང་གི་ཆེས་མཐོའི་མགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་ནི་ཏང་ཀྲུང་དབྱང་ལ་དབང་བ་རྒྱུན་འཁྱོངས་ཀྱིས་མི་དམངས་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས།ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་འཁྱོལ་བྱེད་པ་དེ་དམག་དཔུང་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་མཐར་ཕྱིན་བྱེད་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་སྤེལ་བྱེད་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་མེས་རྒྱལ་ཞི་བའི་གཅིག་གྱུར་མངོན་འགྱུར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་ལ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གསར་གཏོད་ཅིག་ཡིན་པས། ངེས་པར་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནན་མོ་ལྟར་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་དོ་དམ་བཅོས་སྐྱོང་བྱས་ཏེ།ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས།མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བྱས་ཏེ།མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ།ཐེ་ཝན་སྤུན་ཟླའི་བདེ་སྐྱིད་ལ་འགན་སྲུང་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ།རྒྱ་ཆེའི་ཐེ་ཝན་སྤུན་ཟླར་མཐུན་སྒྲིལ་བྱས་ཏེ་མཉམ་དུ་ཐེ་ཝན་རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ལ་ཡར་སྐུལ་བྱེད་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས།ཏང་གིས་ཕྱི་དོན་བྱ་བར་མགོ་ཁྲིད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་།མཉམ་ལས་མཉམ་རྒྱལ་གྱི་སྒོ་འབྱེད་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་དགོས་ཞེས་བཏོན་ཡོད།
 ཚང་འཛོམས་གྲོས་ཚོགས་སྟེང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།དབང་ཆ་འཁོར་སྐྱོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་ཡུན་རིང་གི་སྲིད་འཛིན་ཆ་རྐྱེན་འོག་ཏུ་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་།རང་ཉིད་གསར་སྒྱུར། རང་ཉིད་མཐོར་འདེགས་བཅས་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཡིན་པས།ངེས་པར་དུ་ཏང་ཡོངས་ལ་གཅིག་གྱུར་གྱིས་མགོ་ཁྲིད་པ་དང་། ཁྱོན་ཡོངས་ལ་ཁེབས་པ། དབང་གྲགས་ཡོད་པ་དང་ཕན་འབྲས་མཐོ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས།ལྟ་སྐུལ་གྱི་གཟབ་ནན་རང་བཞིན་དང་མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ།ཇུས་ཆོད་ཚན་རིག་དང་མཐུན་ཞིང་ལག་བསྟར་མཐའ་འཁྱོལ་ཡིན་ལ། ལྟ་སྐུལ་ལ་ནུས་པ་ཡོད་པའི་དབང་ཆ་འཁོར་སྐྱོད་རྐྱེན་སྲོལ་གྲུབ་པར་བྱེད་པ་དང་།རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་བཙུགས་ནས།ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་དེ་དུས་རྟག་ཏུ་མི་དམངས་ཀྱི་བདེ་སྐྱིད་ཐད་དུ་བཀོལ་བར་ཁག་ཐེག་བྱེད་དགོས་ཞེས་བཏོན་ཡོད།

 ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པ་ནི།ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ལམ་ལུགས་ཀྱི་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་བཏང་ནས།ལམ་ལུགས་ཀྱི་དབང་ཟིལ་ལ་སྣེ་ཁྲིད་དེ་སྲུང་སྐྱོབ་བྱེད་པ་དང་། ལམ་ལུགས་ལག་བསྟར་གྱི་མིག་དཔེ་བསྟན་ཏེ།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་སྐུལ་ཁྲིད་ཀྱིས་ལམ་ལུགས་ལ་རང་རྟོགས་ཀྱིས་བརྩི་བཀུར་བྱེད་པ་དང་།ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལམ་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ལམ་ལུགས་གཞུང་ལུགས་ཀྱི་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་མཛུབ་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོ་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་ལེགས་པོ་བྱས་ཏེ།ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པས་ལམ་ལུགས་ནན་མོ་ལྟར་འགན་འཁྲི་ལག་བསྟར་དང་དབང་ཆ་བཀོལ་སྤྱོད།བྱ་བ་སྒྲུབ་པ་བཅས་ལ་སྐུལ་འདེད་བཏང་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་སྤེལ་བྱེད་པ་སོགས་བྱ་བ་སྣ་ཚོགས་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།

 ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་བློ་མཐུན་མཱ་ཀྲིན་ཝུའུ་དང་མཱ་ཝེ་མེན་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་གསབ་བྱེད་རྒྱུའི་ཐག་བཅད།
 ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ལིའུ་ཧྲི་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེ་སྔོན་བློ་མཐུན་ལིའུ་ཧྲི་ཡུས་ལ་ཏང་ནང་ནས་ལོ་གཉིས་ཀྱི་རིང་ལྟ་ཞིབ་བྱེད་པའི་ཆད་པ་བཅད་པ་དེར་ཁས་ལེན་བྱས།
 ཚང་འཛོམས་གྲོས་ཚོགས་སྟེང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ།ཡིད་ཆེས་འགྱུར་མེད་དང་ངེས་ཤུགས་སྲུང་འཛིན། ཡར་བརྩོན་ལྷོད་མེད། གསར་སྤེལ་གསར་གཏོད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
  • ལེ་ཚན་རྗེས་མ།:བོད་སྨན་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་དངོས་རྒྱལ་སྤྱིའི་ཚད་གཞི་ཚོད་ལྟ་ཁང་ཐོག་མ་དེར་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།