དབྱངས་གསལ་ལགས་བཀའ་དྲིན་ཆེ།

གྱིན་འདའ་བ།        2019-11-01

བགྲང་བྱ་ཆིག་སྟོང་སྔོན་གྱི་ཡར་ཐོགས་ཤིག་ནས།།

ལོ་རྒྱུས་དེབ་ཐེར་གསེང་གི་གཟི་འོད་དཀར་པོ།།

ཟླུམ་གཟུགས་གོ་ལ་འདི་ཡི་ཁྱོན་ན་འབར་བའི།།

གངས་ཀྱི་རུ་གྲོང་ནང་གི་མེ་ཏོག་དཀར་པོ།།

ཀ་ཁ་ག་ང་ཁྱེད་རང་ཡུན་དུ་བཞུགས་དགོས།།


རླབས་ཆེན་མེས་པོ་ཞིག་གི་ཐུགས་ལས་འཁྲུངས་ཤིང་།།

སྐྱེན་ཆེན་དམ་པ་ཚོགས་ཀྱི་ཁྲག་ལས་བཞུར་བའི།།

མཐའ་བཞིའི་ཆབ་འབངས་ཡོངས་ཀྱི་རྣམ་ཤེས་འཁྲི་ས།།

མི་རིགས་གསོན་པོ་ཞིག་གི་ཁྲག་རྒྱུན་དྲོན་མོ།།

ཅ་ཆ་ཇ་ཉ་ཁྱེད་རང་བརྟན་པོར་འགྱིང་དགོས།།


མནའ་བོའི་མི་རིགས་ཤིག་གི་རྡོ་རིང་ངོགས་ཀྱི།།

མདོད་མའི་ཡུལ་གྲུ་ཞིག་གི་མཁར་རྫོང་དབར་གྱི།།

རྣམ་ཤེས་གྲངས་མེད་ཚོགས་ཀྱི་ཕྱི་མིག་སྐྱ་བོ།།

དཔའ་བོ་ཁྲི་མ་འབུམ་གྱི་སྙིང་སྟོབས་གསོན་པོ།།

ཏ་ཐ་ད་ན་ཁྱེད་རང་རབ་ཏུ་བརྗིད་དགོས།།

མི་རབས་མོད་པོ་ཞིག་གི་རྨང་ལམ་འཁྲུལ་ས།།

མི་བུ་མང་བོ་ཞིག་གི་རེ་བསྙེགས་ཕུལ་ས།།

གངས་ཀྱི་ཀློང་ནས་འབར་བའི་སྒྲོན་མེ་འོད་ཆེན།།

སྲིད་པའི་སྒང་ནས་མཆེད་པའི་སྨོན་ཚིག་གཙང་མ།།

པ་ཕ་བ་མ་ཁྱེད་རང་ནར་མར་གནས་དགོས།།


དུས་ཀྱི་འགྱུར་བག་སྐྱེན་པའི་ཟོལ་སྦྱོར་དབར་ནས།།

ཞི་བདེའི་དར་ཆ་སྒྲེང་བའི་དཔའ་བོ་ཆེན་མོ།།

སྤྱི་ཚོགས་འདོད་ཧམ་རྒོད་པའི་འཚུབ་ཆའི་འོག་ནས།།

བདེན་དོན་རྒྱལ་ཁ་འབྱེད་པའི་བློ་གྲོས་ཆེན་མོ།།

ཙ་ཚ་ཛ་ཝ་ཁྱེད་རང་ལྷག་ཏུ་རྔམ་དགོས།།


དབྱངས་ཀྱི་མཆོད་ཆང་འདྲེན་སའི་མཆོད་སྟེགས་སྟེང་གི།

གངས་ཕྲུག་རྣལ་མའི་ངག་གི་ཕ་སྐད་གཙང་མ།།

མཁས་པའི་གདན་དཀྱིལ་འཛོམས་པའི་བཀའ་མཆིད་དབུས་ཀྱི།།

ཟླ་མེད་སྤུ་རྒྱལ་བོད་ཀྱི་ཕ་ཡིག་མཛེས་པོ།།

ཞ་ཟ་འ་ཡ་ཁྱེད་རང་གཏན་དུ་དབང་དགོས།།


མ་ངེས་ཕུགས་འདུན་འཁྱོར་བའི་དུས་ཀྱི་དབར་ནས།།

ཤེས་བྱའི་བོག་རེ་བགྲོད་པའི་རིག་པའི་ཐེམ་སྐས།།

སྣ་ཚོགས་སེམས་པ་འདྲེད་པའི་འཇིག་རྟེན་གསེང་ནས།།

རྨོངས་མུན་གཉིད་ལས་དཀྲོགས་པའི་དུས་ཀྱི་ཅོང་བརྡ།།

ར་ལ་ཤ་ས་ཁྱེད་རང་རྒྱུན་ཆགས་ཡོད་དགོས།།


ཁྱེད་ཀྱི་ཕུགས་འདུན་འཚོལ་བའི་ལམ་བུ་དེ་རུ།།

བདེན་དོན་ཐར་ལམ་གསལ་བའི་ཉི་མ་སེར་པོ།།

ང་ཡི་རེ་འབྲས་འཚོལ་བའི་མི་ཚེ་འདི་ལ།།

བདེ་སྐྱིད་དྲོད་ཁོལ་སྟེར་བའི་ནོར་བུ་འོད་འབར།།

ཧ་ཨ་ཁྱེད་རང་འབྲལ་མེད་གཏན་དུ་འཚེར་དགོས།།

  • ལེ་ཚན་སྔོན་མ།:ཕྱི་ནང་གཉིས་ཀྱི་ངའི་གཟུགས་བརྙན།
  • ལེ་ཚན་རྗེས་མ།:ཉི་ཟླ་ལྟ་བུའི་ཨ་ཕ་ཞིག