ཀྲུང་ཉིའི་བོད་རིག་པའི་ཞིབ་གྲོས་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འཚོགས།

    མི་དམངས་དྲ་བ།    2019-10-31

ཀྲུང་ཉིའི་བོད་རིག་པའི་ཞིབ་གྲོས་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འཚོགས།

     ཟླ་10ཚེས་26ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་ཉི་ཧོང་ལུང་ཀུའུ་སློབ་ཆེན་གྱིས་རོགས་སྒྲུབ་བྱས་པའི་ཀྲུང་གོ་དང་ཉི་ཧོང་གི་བོད་རིག་པའི་ཞིབ་གྲོས་ཚོགས་འདུ་སྐབས་བཞི་བ་དང་། ལུང་ཀུའུ་སློབ་ཆེན་བཙུགས་ནས་ལོ་ངོ་380འཁོར་བའི་རྗེས་དྲན་བྱེད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་ཞིང་། ཚུགས་ཞུགས་མི་སྣ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལྷ་བྱམས་རྒྱལ། དེ་བཞིན་དུ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་དང་བཅས་ཁྱོན་མི་12དང་། ལུང་ཀུའུ་སློབ་ཆེན་རྒྱལ་སྤྱིའི་རིག་གཞུང་པུའུ་ཡི་དགེ་རྒན་ཆེན་མོ་སན་ཀུའུ་ཀྲེན་ཁྲེ་དང་། རྩོམ་རིག་པུའུ་ཡི་དགེ་རྒན་ཆེན་མོ་ནུའུ་རེན་ཀྲེན་ཞེན་བཅས་ཉིང་ཧོང་གི་མཁས་དབང་7ཡོད། འཚོགས་ཡུན་ཉིན་གཅིག་རེད། 
     ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་“ཀྲུང་གོ་དང་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་གི་གནས་བབ”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཡིག་ཆ་ཞིབ་འཇུག་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་གི་གནས་ཚུལ་ཐད་ནས་ཞིབ་གྲོས་འཐུས་ཚང་བྱ་རྒྱུ་དང་། ལས་འབྲེལ་དེ་ལ་བརྟེན་ནས། ཀྲུང་གོ་དང་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་གི་གནས་བབ་ངོས་འཛིན་བྱས་ནས། མཁས་དབང་བར་དུ་བསམ་འཆར་བརྗེ་རེས་དང་། མ་འོངས་པར་ཞིབ་འཇུག་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་བོད་རིག་པ་ཞིབ་འཇུག་ལས་དོན་འཕེལ་རྒྱས་ཐད་ལ་ཡར་སྐུལ་གྱི་ནུས་པ་ངེས་གཏན་ཞིག་འདོན་རྒྱུ་དེ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན།  ཆེས་ཐོག་མར“ཀྲུང་གོ་དང་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་གནས་བབ་”ཞེས་པ་ལ་“ཀྲུང་གོ་དང་ཉི་ཧོང་གི་བོད་རིག་པའི་གླེང་སྟེགས”ཟེར་བ་དང་། དེ་ནི་ལུང་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའུ་ཧྲའོ་ལུང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གཉིས་ཀྱིས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་རེད། 2009ལོར། ལུང་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའུ་ཧྲའོ་ལུང་གིས་གདན་ཞུས་ལྟར་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་སློབ་ཆེན་དེའི་སངས་རྒྱས་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་དུ་ཟླ་4རིང་འཚམས་འདྲི་ཞིབ་འཇུག་བྱས་པ་དང་། དུས་སྐབས་དེའི་རིང་། ལུང་ཀུའུ་སློབ་ཆེན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་། ཁྱད་པར་དུ་དགེ་རྒན་ཆེན་མོ་ཀུའུ་ཧྲའོ་ལུང་བར་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཚུགས། དེའི་རྐྱེན་གྱིས། དགེ་རྒན་ཆེན་མོ་རྣམ་གཉིས་ཀྱིས་ལས་ཁུངས་གཉིས་བར་དུ་མ་འོངས་པའི་མི་སྣའི་བར་འགྲོ་འོང་དང་། རིག་གཞུང་བགྲོ་གླེང་། མཉམ་ལས་ཞིབ་འཇུག་སོགས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས། 2011ལོར་དངོས་སུ་མཉམ་ལས་གྲོས་དོན་ལ་མིང་རྟགས་བཀོད། གྲོས་དོན་དེའི་སྒྲོམ་གཞིའི་འོག རིག་གཞུང་བགྲོ་གླེང་བྱེད་སྒོ་ཐེངས་མང་སྤེལ་བ་དང་། ཕྱོགས་གཉིས་སོ་སོས་ཁྱབ་ཁོངས་ཁག་ཏུ་ཕྱོགས་མང་པོའི་ཐད་ནས་འགྲོ་འོང་བགྲོ་གླེང་བྱས་ནས། དངོས་ཡོད་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད། 

    ཐེངས་འདིའི་ཞིབ་གྲོས་ཚོགས་འདུར་ཞུགས་པའི་གཏམ་བཤད་པ་ཁྱོན་མི་སྣ་16ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཁང་གཙོར་བྱེད་པའི་མཁས་དབང་9དང་། ཉི་ཧོང་གི་ལུང་ཀུའུ་སློབ་ཆེན་གྱི་མཁས་དབང་7བཅས་འདུག མཁས་དབང་སོ་སོས་ཡར་སྤྲད་པའི་གཏམ་བཤད་ནང་དོན་ལ་གཞིགས་ནས། བརྗོད་དོན་ཁག་གཉིས་ལ་བགོས་ཡོད་པ་སྟེ། སྔ་དྲོའི་བརྗོད་དོན་ནི་“བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཡིག་ཆ་ཞིབ་འཇུག་”དང་ཕྱི་དྲོའི་བརྗོད་དོན་ནི་“བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག”བཅས་རེད་འདུག 

ཀྲུང་ཉིའི་བོད་རིག་པའི་ཞིབ་གྲོས་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འཚོགས།
  • ལེ་ཚན་སྔོན་མ།:ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་འདུ་ཚོགས་སྐབས་བདུན་པའི་དཀར་མཛེས་ཡན་ལག་ཚོགས་རའི་པར་རིས་བདམ་བཀོད།
  • ལེ་ཚན་རྗེས་མ།:དེང་རབས་བོད་ཀྱི་ཡུལ་སྡེ།
  • དོ་སྣང་ཆེ་བའི་རྩོམ།