སེམས་པ་ཁྱོད་ལ་གླན་ཡོད།

འཇམ་དབྱངས་ཉི་མ།        2019-10-28

ཚ་གྲང་མི་སྙོམ་ལྷོ་ཕྱོགས་ཁ་བའི་ལྗོངས་ལས།།

ལས་དབང་གཅིག་པའི་མགོ་ལོག་ཡུལ་ཤུལ་གྲོང་ལ།།

ལ་ཐུར་མེད་པར་ཁ་བའི་མེ་ཏོག་འཐོར་དུས།།

དུས་མཐའི་འགྲོ་བའི་ལས་སྐལ་ཉག་རེ་ཕྲ་བ།།

བ་གླང་ཤྭ་བ་སྒོ་དང་ནོར་ནག་དཔུང་སྡེ།།

སྡེ་དང་སྡེ་བྱས་ཁ་བའི་གྲོང་ལ་འཐིམ་དུས།།

དུས་ཀྱི་ཐ་མའི་འགྲོ་བའི་ལས་དབང་ཡིན་ན༵མ།།

གནམ་གྱི་རྒྱལ་མོ་ཁྲོས་བའི་ཆད་པར་ངེས་སྙམ།།

ཉིན་མཚན་མང་པོར་བསྟུན་མར་ཁ་བ་བབས་པས།།

སྒོ་ཟོག་ཁྱུ་དང་རི་སྐྱེས་དུད་འགྲོའི་ཚོགས་ཀྱིས།།

དུས་ཀྱི་ཕོ་ཉའི་ཕྱག་གི་ཞགས་པར་ལྟ་ཞོར།།

རྩྭ་རྐང་རེ་འང་སྲོག་གི་འདང་བརྩེ་འཇོག་པ།།

གངས་ཅན་ཁ་བའི་འཚོ་རྟེན་རྟ་ནོར་ལུག་གསུམ།།

གནའ་ནས་ད་བར་འགྲོགས་པའི་རི་སྐྱེས་སྲོག་ཆགས།།

འདི་ལས་འདི་ལྟར་ཚེ་སྲོག་གངས་ལ་འཐིམ་དུས།།

བཟོད་མེད་ན་ཟུག་མདའ་མོ་སྙིང་ལ་ཕོག་སོང་།།

མ་བུ་ཁ་ཁར་སོང་བའི་ཉམ་ཐག་དུད་འགྲོའི།།

སྐྱོ་བའི་ན་ཟུག་བརྗོད་པའི་སྨྲ་སྒོ་འགགས་ཀྱང་།།

རྐང་གཉིས་ཚོགས་རྣམས་ཐག་རིང་ས་ནས་མཐོང་དུས།།

མཆི་མ་གདོང་ན་ཉུལ་བཞིན་ལྟ་ལུགས་མཚར་བ།།

བྱང་སེམས་གོ་ཆ་བགོས་བའི་དཔུང་དང་དཔུང་སྡེ།།

འགྲོ་ཀུན་མ་རུ་སྒོམ་པའི་ཐེག་ཆེན་ལམ་ཞུགས།།

སྙིང་རྗེ་ཉིན་བྱེད་གཞོན་ནུའི་འཛུམ་གྱི་དང་མ།།

རིས་མེད་ཡུལ་ཕྱོགས་འདི་ལ་ཁ་ལོ་བསྒྱུར་ཅིག།

  • ལེ་ཚན་སྔོན་མ།:མགྱོགས་འཕྲིན་ལ་རྒྱང་ལྟ་བྱས་པ།
  • ལེ་ཚན་རྗེས་མ།:རུས་པ་ཅན་གྱི་རྣལ་འབྱོར་པ།