སྟོན་མཇུག་གི་གླུ།

བོད་བདུད་རྒྱལ།        2019-10-25

སྡོང་ལོའི་ཤག་སྒྲ་གཉོམ་པོ།

ཁེར་རྐྱང་གི་གོམ་སྒྲ་དང་ཧ་ཅང་མཚུངས།

གོམ་སྒྲ་རེ་རེའི་གསེབ་ཏུ།

སྟོན་མཇུག་མཚོན་པའི་གླུ་དབྱངས་སྦས།

རང་ཉིད་མཚོན་པའི་གླུ་དབྱངས་སྦས།

གླུ་དབྱངས་ཉན་བཞིན་ཉན་བཞིན།

མང་པོ་ཞིག་བློས་བཏང་དགོས་པ་འདྲ།

དེ་ནི་འགྱུར་ལྡོག་གི་གོ་རིམ་གཞན་ཞིག་ཡིན་ནམ།

ཁ་བ་འབབ་པའི་མཚན་མོར་དེ་ལྟར་དྲན།

ཁ་བའི་འདབ་མ་རེ་ཟུང་།

ངོ་གདོང་དུ་ཟགས་སོང་།

ཁྱོད་ཀྱིས་བྱིལ་བྱིལ་བཏང་བ་དང་འདྲ།

དེ་ནི་བརྗེད་དཀའ་བའི་འདས་དོན་ཞིག་ཡིན་ནམ།

སྟོན་ནམ་རིང་མོ་ལ་དེ་ལྟར་བསམ་བློ་བཏང་།

བསམ་བློ་གཏོང་གིན་གཏོང་གིན།

རེག་བྱ་མཚོན་པའི་གླུ་ཞིག

རླུང་བུས་དབྱངས་ལ་གྱེར་སོང་།

སྐྲ་ལོས་དབྱངས་ལ་གྱེར་སོང་།

རླུང་བུ་དང་སྐྲ་ལོ་ནི།

ཧ་ཅང་ལྐོག་གྱུར་མ་ཡིན་པ་རྟོགས་སོང་།

དེ་ནི་མཚོན་དོན་གལ་ཆེན་ཞིག་ཡིན།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཞལ་ཁེབས་དམར་པོ།
  • ལེ་ཚན་རྗེས་མ།:མགྱོགས་འཕྲིན་ལ་རྒྱང་ལྟ་བྱས་པ།