སེམས་ཀྱི་ཞལ་ཁེབས་དམར་པོ།

གངས་ཆུ་མིག        2019-10-25

བསིལ་ཟེར་བུ་མོ་འཛུམ་པའི་རུམ་ཁ་ནས།།

ཚོར་བའི་མེ་ཏོག་ལྡེམ་ལྡེམ་གཡོ་ཞིང་རྩེན།།

ཡིད་འཛིན་ཆུང་མས་རུམ་པའི་ཐ་སྙད་འགས།།

དུས་ཀྱི་ཅང་ཤེས་ལྷན་དུ་གར་ཆུང་འཁྲབས།།

རྒྱང་དུ་མཆེད་པའི་ཡིད་ཀྱི་མཆོད་མེའི་ངོས།།

དུངས་བ་ཞེས་བའི་མེ་ཏོག་བརྩེགས་པ་ན།།

ལྗཊ་ཀྱི་རྩེ་ནས་རེ་འདུན་གཏོར་བའི་ལྷན།།

བྱ་ཚོགས་མང་པོའི་འཚང་ཁ་རབ་ཏུ་རྒོད།།

སྙིང་ཆུང་བསྲོ་བའི་བརྩེ་ཞེན་གུར་ཁང་ནས།།

སྐྲ་འདབས་དུང་གི་ཁ་དོག་མ་བཀླུབས་བར།།

གཞོན་པའི་སེམས་ཀྱི་དབྱངས་རྟ་མ་ལུས་པ།།

ཐ་སྙད་འཕྲེང་བས་མགུར་ཆུང་ལྷན་དུ་གྱེར།།

ས་མཐོ་གཤིས་བཟང་གངས་ཀྱི་རི་གྲོང་ནས།།

ལས་དབང་ཟེར་བའི་དར་སྐུད་འཐེན་པ་ན།།

སྙན་མོ་གླུ་གཞས་སྙིང་ནས་རེ་བཞིན་དཀྲོལ།།

དགའ་སྐྱོ་འདྲེས་མའི་འཚོ་བས་རབ་ཏུ་སྐྱིད།།

དུས་ཀྱིས་རྩུབ་པའི་ལས་དབང་རལ་བོ་དེས།།

བདག་གི་སྙིང་ཆུང་མནར་གཅོད་རབ་ཏུ་མང་།།

སྡུག་གི་ན་བུན་དགུ་རྩེག་འཐིབས་པའི་མུར།།

སེམས་པའི་སྦྲང་ཆར་སུ་ཡི་ཕྱོགས་སུ་ཕབས།།

ཆུང་གྲོཊ་ཟེར་བའི་གཏམ་རྒྱུད་མེད་ཀྱང་ཆོག།

མི་ཚེའི་བཤུལ་ལམ་རིང་མོའི་རྗེས་ཤུལ་ཁྲོད།།

དུང་བའི་སེམས་པ་ལས་ཀྱིས་འདྲེས་པའི་མི།།

སེམས་ཀྱི་པད་མའི་ཁྲོད་དུ་གཅེས་པའི་སྦྲང་།།

སེམས་ཀྱི་རྒྱ་ཕིབས་བརྩེ་བའི་ཚོན་གྱིས་རྒྱན།།

འཚོ་བའི་དྲིལ་ཆུང་དགའ་སྐྱོ་ཁྲོད་ནས་སྙན།།

ཞེན་པའི་མི་ཚོགས་དྲན་པའི་ཀློང་ནས་མཛེས།།

དགའ་བའི་མི་དག་ཐ་སྙད་ཚོགས་ཀྱིས་རུམ།།

འབྱུང་བཞི་འཐབ་པའི་ལོ་ཟླ་རལ་བོ་ཁྲོད།།

ངག་གི་འདབ་བརྒྱ་ཅུང་ཙམ་གྲོལ་བའི་དུས།།

ལས་འཕྲོ་ཟེར་བའི་ཚོར་རྟོགས་ཡིག་འབྲུ་དག།

དབྱངས་ཀྱི་བུ་མོ་བསུས་ཏེ་མགྲིན་པས་གྱེར།།

  • ལེ་ཚན་སྔོན་མ།:སློབ་གྲོགས་ཚོ།མུ་མཐུད་ནས་ལམ་དུ་ཆས་ཤིག
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་གླུ།