སློབ་གྲོགས་ཚོ།མུ་མཐུད་ནས་ལམ་དུ་ཆས་ཤིག

འཕགས་ཆེན།        2019-10-25

སློབ་ཆུང་གི་རྨི་ལམ་དེ་ལག་པས་རིང་དུ་བསྲིངས་མཚམས།

ནར་སོན་གྱི་ལོ་ཟླར་ཉན་པའི་སློབ་འབྲིང་གི་འཚོ་བ་ཅི་འདྲ་རེད།

རྣམ་ཤེས་ཀྱི་སྤྲིན་དཀར་དེ་ཇེ་མཐོར་སོང་བ་བཞིན།

མི་གཤིས་ཀྱི་གཙང་པོ་དེ་རྙོག་རྫོབ་མེད་པ་ཡིན་ནམ།

སྟོབས་ཤུགས་གསར་པ་ཞིག་གི་ལམ་ཁ་ནས།

འདུ་འཛི་ཆེ་བའི་མ་འོངས་པ་དེ་ཇི་ལྟར་མྱོང་དགོས།

ད་ལྟ་ཁྱོད་ཀྱི་སྙིང་ཁོང་ནས་འགུལ་བཞིན་པ་འདི་དག

མ་མཐའ་ཡང་ཕྱི་དྲན་བྱས་ན་བརྗེད་མི་རུང་བ་ཞིག་ཡིན་འོས།


སློབ་གྲོགས་ཚོ།ཤོག་ལྷེ་སྟོང་པ་ཞིག་ཡོད་དམ།

ཁྱོད་ཀྱི་རྒྱུགས་འབྲས་དེ་ཅི་འདྲ་ཞིག་ཡིན་སྲིད།

ཨ་ཕས་ཁྱོད་ཀྱི་དབང་ཐང་གི་ནམ་མཁའ་རྟོག་བཟོ་བྱེད་ཀྱིན་འདུག

ཨ་མས་འབྱུང་འགྱུར་གྱི་འཚོ་བ་འུ་ཐུག་ངང་གླེང་གིན་འདུག

ད་དུང་དགེ་རྒན་དང་སློབ་གྲོགས་ཚོས་སེམས་ཁུར་བྱེད་བཞིན་འདུག

ཁྱོད་ལ་སྙིང་ཉེ་བའི་མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་འདུག

དཀོན་མཆོག་གིས་ང་ཚོའི་ལས་སྣང་ལ་ཁ་ལོ་བསྒྱུར་ཐུབ་ནའང་།

རྒྱུགས་འབྲས་ཀྱིས་ཡོད་ཚད་ཐག་གཅོད་ག་ལ་ཐུབ།

རྒྱུགས་འབྲས་བཟང་ཡང་ངན་ཡང་།

གངས་དཀར་པོའི་མདུན་ནས་སེམས་སྤོབས་ནམ་ཡང་ཞུམ་མི་རུང་།

ཐང་ཆེན་པོའི་དབུས་ནས་གོམ་མཚམས་ནམ་ཡང་འཇོག་མི་རུང་།


དུས་ཚོད་ཀྱིས་ང་ཚོ་སྦར་འཛིན་བྱས་སོང་།

མཛའ་བརྩེ་ཡིས་ཁྱེད་རང་དམ་དུ་བཟུང་།

སློབ་གྲོགས་ཚོས་ཁྱོད་ཀྱིས་ཁ་ཕྱོགས་ལ་བལྟས་ཏེ།

དགེ་རྒན་གྱིས་འཕུར་སྐྱོད་ཀྱི་ལམ་བུ་བསྟན་ཡོད།

ཡང་ན། སློབ་གྲྭ་ནི་ད་དུང་ཧ་ཅང་ཆེ།

མི་ཚེ་ནི་བང་རིམ་བཞིན་མཐོན་པོ་གནམ་ལ་ཟུག་ཡོད།

ཁྱེད་ཀྱིས་སྒྱིད་ལུག་གི་སྒོ་མོ་བརྒྱབ་སྟེ།

ཧུར་ཐག་ངང་སློབ་ཆེན་གྱི་ནམ་མཁའ་བརྒལ་དགོས་ཨང་།


ད་ལྟ་ནས་མགོ་བརྩམས་ཏེ་ཁྱེད་ཚོ་རྡོག་ཐོན་བྱེད་དགོས།

དཔེ་དེབ་ཀྱི་ནང་དུ་འོད་ཆེམ་ཆེམ་ངང་འཛུལ།

ཇི་ལྟར་བུལ་ཡང་ལོ་ཟླའི་རྗེས་ཆོད་དགོས།

མྱུར་མགྱོགས་ཆེ་བའི་རྟ་ཕོ་ཡང་གད་པར་ལྷུང་སྲིད།

རང་འདེམས་ཚོང་ཁང་ལྟ་བུའི་དཔལ་ཡོན་གྱི་ཆེད་དུ།

ཉིན་མཚན་ཟེར་བའི་དུས་ཚོད་ཀྱི་མཐའ་ལས་བུད་དེ།

མིག་མདུན་གྱི་རླུང་བུ་ལ་ཧུར་བརྩོན་གྱིས་འབད།

གློག་དམར་འུར་འུར་གྱི་དུས་སྐབས་འདིར།

གལ་ཏེ་ཁྱེད་ལ་ཁོམ་གླགས་ཙམ་ཡོད་ན།

ང་ཚོའི་ཕ་ས་གཡུང་དྲུང་འདི་ཡང་དྲན་པར་བྱ།

ཁ་མི་གྲག་པའི་ལོ་རྒྱུས་ཀྱི་ཁང་ཤུལ་ནམ་ཡང་བརྗེད་ག་ལ་འོས།

ཀྱེ་ཀྱེ་སློབ་གྲོགས་ཚོ།

མཚོན་ཐབས་བྲལ་བའི་གདོད་མའི་འཇིག་རྟེན་ལས་གཡོལ་ག་ལ་རུང་།

  • ལེ་ཚན་སྔོན་མ།:བོད་ཀྱི་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ངག་གི་གཡང་འབོད།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཞལ་ཁེབས་དམར་པོ།