སྲོལ་རྒྱུན་རིག་གནས་ནོར་བུའི་འོད། འཛམ་བུ་གླིང་ལ་ཁྱབ་པར་མཛོད། སྡེ་དགེ་སྨན་ཕྱུག་ཡུལ་ནས་ཐོན་པའི་མཛངས་མ་ཟླ་བ་སྒྲོལ་མའི་གནས་ཚུལ་བཀོད་པ།

མིག་དམར་དོན་གྲུབ།        2019-10-25

    ཟླ་བ་སྒྲོལ་མ་ནི་སྡེ་དགེ་རྫོང་སྨན་ཤོད་རྫོང་སར་ཁུལ་ཕུ་མ་ཡུལ་ཤོག་ཏུ་སྐྱེས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་བོད་དབྱིན་སྟ་གོན་ཚན་ཁག་འབྲིང་རིམ་ཆེད་ལས་ནས་མཐར་ཕྱིན་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི2009ལོར་བོད་དབྱིན་དངོས་གཞིའི་ཚན་ཁག་ཏུ་ཟུར་ཉན་བྱས། 2017ལོའི་ཟླ5པར་ཨ་རིའི་པོ་སི་ཏུན.པེ་ཕེ་སི་སློབ་ཆེནBayPathUniversuyནས་སློབ་མཐར་ཕྱིན་པ་རེད།

སྲོལ་རྒྱུན་རིག་གནས་ནོར་བུའི་འོད། འཛམ་བུ་གླིང་ལ་ཁྱབ་པར་མཛོད། སྡེ་དགེ་སྨན་ཕྱུག་ཡུལ་ནས་ཐོན་པའི་མཛངས་མ་ཟླ་བ་སྒྲོལ་མའི་གནས་ཚུལ་བཀོད་པ།


    གྲུང་ཤ་དོད་ཅིང་མཛེས་པའི་བུ་མོ་ཞིག་ཨ་རིའི་སློབ་ཆེན་སློབ་རའི་ནང་དུ་བསླེབས།

    ཟླ་བ་སྒྲོལ་མའི་ཕ་ཡུལ་སྡེ་དགེ་རྫོང་སྨན་ཤོད་རྫོང་སར་ཁུལ་ཕུ་མ་ཡུལ་ཤོག་ནས་ཡིན། བཅར་འདྲི་ཞིག་གི་དོན་དུ་གསར་འགོད་པ་གྲོང་གསེབ་ཀྱི་གཞུང་ལམ་བརྒྱུད་དེ་ཟླ་བ་སྒྲོལ་མར་བཅར་འདྲི་བྱེད་དུ་སོང་། ཁོང་དང་འཕྲད་སྐབས་ལོ་མང་རིང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པ་དང་ཐག་རིང་ལ་སོང་མྱོང་བའི་ཉམས་མྱོང་ཡོད་སྟབས་ཁོང་གི་སྐད་ཆ་ཤོད་སྟངས་དེ་བྱང་ཆུབ་ལ་བབ་བརླིང་ལྡན་པ་ཞིག་དང་ཁོང་གིས་བློ་གྲོས་ལྡན་པའི་མིག་རྒྱང་ལ་བརྟེན་ནས་ཕ་ཡུལ་གྱི་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་བསྐྱར་དུ་ཞིབ་ལྟ་ཞིག་བྱས་པ་རེད།

    ཟླ་བ་སྒྲོལ་མ་ནི་དཔེ་ཆ་བ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་ཁོང་གི་ཨ་ཕ་བྱང་བློ་ཉི་མ་ནི་སྨར་ཤོད་རྫོང་སར་གྱི་མི་རབས་དྲུག་པའི་ཟངས་ཀྱི་བཟོ་རྩལ་བརྒྱུད་འཛིན་པ་ཡིན་ཞིང་། ཁོང་གི་སྤོ་བོ་ལགས་ནི་རྫོང་སར་བོད་སྨན་ཁང་གི་ཡོན་ཀྲང་བློ་བཟང་ཕུན་ཚོགས་རེད། ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཐོབ་པའི་རྐྱེན་གྱིས་ཟླ་བ་སྒྲོལ་མ་སློབ་སྦྱོང་ལ་དགའ་པོ་ཡོད་ཅིང་། ལོ20སོང་རྗེས་ཁོང་ནི་    མིག་སྔའི་བར་སྨན་ཤོད་རྫོང་སར་ཁུལ་གྱི་ཐག་རིང་ཤོས་དང་འཕེལ་རྒྱས་ཡག་ཤོས་ཀྱི་བོད་རིགས་གཞོན་ནུ་མ་ཞིག་ཏུ་གྱུར།

    ཟླ་བ་སྒྲོལ་མས་བོད་རིགས་ས་ཁུལ་དུ་ལྷ་སྐུ་བཟོ་སྟངས་སྦྱོང་མཁན་བོད་རིགས་བུ་མོ་ཅུང་ཉུང་མོད། འོན་ཀྱང་ཁོང་ཆུང་དུས་སུ་ཨ་ཕས་ཁོང་ལ་ཁྱིམ་དུ་གཅེན་གཅུང་ཁྱེད་གཉིས་ལས་མེད་པས་མི་གཅིག་གིས་ལྷ་སྐུ་བཟོ་སྟངས་སྦྱང་དགོས་པ་དང་གཅིག་ཕྱིར་སློབ་གྲྭར་བསྐྱོད་དགོས་ཞེས་བཤད། ཡིན་ནའང་ཁོང་དུས་རྒྱུན་ཕྱི་རོལ་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད། ནུ་བོ་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་པ་དང་དེའི་ཐད་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་ལ་འདུན་པའང་ཆེན་པོ་ཡོད། དེར་བརྟེན་སྐབས་དེ་དུས་ཟླ་བ་སྒྲོལ་མ་ལོ་བཅུ་ལྷག་ཙམ་ལས་ལོན་མེད་ཀྱང་ཕྱི་རོལ་ཏུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་གདམ་ག་བྱས་པ་རེད། སྐབས་དེར་ཕ་ཡུལ་གྱི་འགྲིམ་འགྲུལ་རྗེས་ལུས་ཡིན་པ་དང་ཆ་འཕྲིན་མེད་པས་ཁོང་གིས་ཕྱི་རོལ་གྱི་འཛམ་གླིང་ལ་ལྟ་བར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། ཨ་ཕ་ནི་མི་བསམ་ཤེས་ཅན་ཞིག་ཡིན་པས་བུ་མོ་འགྲོ་ཁར་ཁོང་གིས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་སྒོ་ནས་ཕྱིར་སློབ་སྦྱོང་བྱེད་དུ་འགྲོ་བའམ་ཡང་ན་ཕྱི་ལ་འགྲོ་བ་ཚང་མ་ཁྱོད་རང་ཉིད་ཀྱི་བྱ་བ་ཡིན་པས་རང་ཉིད་ཀྱིས་ཐག་བཅད། ངས་ཁྱོད་ལ་སློབ་སྦྱོང་དང་འཚར་ལོངས་འབྱུང་བའི་གོ་སྐབས་ཤིག་སྟེར། སློབ་སྦྱོང་ལ་གྲུབ་འབྲས་ཡོད་པ་དང་། ཡང་ན་ནུས་མེད་འབྲས་མེད་ཅིག་ཏུ་འགྱུར་བ་སོགས་གང་ལྟར་ཡང་རྗེས་ཕྱོགས་ཁྱོད་ཀྱིས་རང་གི་ཐག་བཅད་ལ་འགྱོད་པ་སྐྱེས་མི་ཉན་ཞེས་བཤད། ཨ་ཕའི་མངགས་བཅོལ་ལྟར་ཟླ་བ་སྒྲོལ་མ་ཕ་ཡུལ་དང་ཁ་བྲལ་ནས་སློབ་སྦྱོང་དུ་སོང་།

    ཟླ་བ་སྒྲོལ་མའི་ཁྱིམ་ཚང་གི་ཆ་རྐྱེན་མི་ཞན་པས་ཁྱིམ་དུ་བསྡད་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཆོག་ཀྱང་ཕ་མ་ལ་བརྟེན་ནས་མི་ཚེ་བརྒལ་བའི་གདམ་ག་ལེགས་པོ་ཞིག་མ་ཡིན་ལ། རང་གི་ལས་དབང་རང་གིས་ཐག་བཅད་དགོས་པས་མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཨ་རིར་སློབ་སྦྱོང་དུ་སོང་། རིག་གནས་ཀྱི་རྣམ་པ་དང་འཚོ་བའི་གོམས་གཤིས་མི་འདྲ་བའི་རྒྱལ་ཁབ་ཏུ་བསླེབས་ཀྱང་ཟླ་བ་སྒྲོལ་མ་དཀའ་བ་ཁྱད་དུ་སད་ངལ་བ་དང་དུ་བླངས་ནས་མི་གཞན་ལས་འབད་བརྩོན་ལྡབ་འགྱུར་བྱས་སྟབས་གཞི་ནས་སྦྱངས་འབྲས་ལེགས་པོ་ཐོབ་ཡོད།

    2017ལོའི་ཟླ4པར་ཨ་རིའི་པེ་ཕེ་སི་སློབ་ཆེན་གྱི་སློབ་གཙོ་གཞོན་པས་ཁོང་ལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དོ་དམ་སློབ་གླིང་གི2016—2017ལོའི་སློབ་གླིང་གི་བྱ་དགའ་སྤྲད་ཅིང་། དེ་ནི་ཟླ་བ6པར་སློབ་གྲྭ་མ་ཐོན་གོང་ཆེས་མཇུག་ལ་སློབ་གྲྭ་ཞིག་གིས་སྤྲད་པའི་བྱ་དགའ་ཆེན་པོ་ཞིག་རེད།

    བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་མཁན་གྱི་མཛེས་སྡུག་གི་ཕོ་ཉ།

    སློབ་ཆེན་ལོ་བཞིའི་རིང་ཟླ་བ་སྒྲོལ་མའི་ཁྲོམ་རའི་བྲིན་ཚོང་དང་ཁེ་ལས་ཆུང་གྲས་ཀྱི་དོ་དམ་ལ་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་ནས་ཕ་ཡུལ་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་གར་སྟེགས་དེ་དེ་ལས་ཆེ་བའི་ཕྱོགས་སུ་བསྐྱོད་རྒྱུར་ནུས་ཤུགས་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེའི་རིང་ཁོང་གི་པར་ལེན་བརྩམས་ཆོས་དང་དངོས་མཚོན་གློག་བརྙན་བརྩམས་ཆོས་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐེངས་མང་ཐོབ་མྱོང་ཞིང་། ཁོང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་རིང་། ཨ་ཕའི་ལོ་བརྒྱའི་བཟོ་རྩལ་དང་ལག་རྩལ་ངོ་སྤྲོད་བྱེད་པའམ་ཡང་ན་སྤོ་བོས་སྨན་ཤོད་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་གྲུབ་འབྲས་ངོ་སྤྲོད་བྱེད་པ་ནི་ཁོང་གི་བརྩམས་ཆོས་ཀྱི་ཆ་ཤས་ཙམ་ཡིན་ལ། ཁོང་གིས་རང་གི་སློབ་གྲྭ་དང་ཉིའུ་ཡོག་དང་ཧྥ་རན་སི་སོགས་ས་ཆ་མང་པོར་རི་མོའི་འགྲེམས་སྟོན་དང་པར་ལེན། དངོས་མཚོན་གློག་བརྙན་འགྲེམས་སྟོན་བཅས་ཐེངས་མང་བྱས། ལྷག་པར་བོད་ཀྱི་རིག་གནས་དངོས་མཚོན་གློག་བརྙན་དྲིལ་བསྒྲགས་བྱེད་སྐབསYouTubeཐོག་དྲིལ་བསྒྲགས་སྤེལ་རེས་དང་ཐད་གཏོང་བྱེད་སྒོ་སྤེལ་ནས་ད་བར་མི་ཁྲི3ཡོད་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་མང་པོས་བརྙན་ལམ་དང་དངོས་མཚོན་གློག་བརྙན་དེ་དག་བལྟས་པ་རེད། སློབ་གྲྭའི་ནང་ཁོ་མོ་ད་དུང་བུད་མེད་རིག་གནས་སྤྲོ་སྐྱིད་ཁང་ནང་ཞུགས་པ་དང་རྗེས་ནས་ཀྲུའུ་ཞིའི་འགན་བཞེས་ཏེ་བོད་གཞས་དང་སྐོར་བྲོ་ཁྲིད་ནས་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོར་ཞུགས་ནས་རྒྱལ་ཁོངས་མི་འདྲ་བའི་སློབ་མ་མང་པོ་དང་སྤེལ་རེས་དང་སློབ་སྦྱོང་བྱས་པ་རེད། ཁོང་གིས་གུང་གསེང་ནང་ཕ་ཡུལ་དུ་ལོག་རིང་ཞིང་ལས་དང་འབྲོག་ལས། རྟ་རྒྱུག འོ་མ་བཞོ་བ། གྱང་རྡུང་བ་སོགས་བོད་རིགས་རྣམས་གོམས་ལོབས་སུ་གྱུར་པ་དང་ཐོན་སྐྱེད་འཚོ་བ། ཞབས་བྲོ། གླུ་གཞས་སོགས་ཡ་མཚན་སྐྱེ་དགོས་དོན་མེད་ཀྱང་། བརྗོད་བྱ་དེ་དག་ཕྱི་རྒྱལ་གྱི་ཆེད་མཁས་ཚོའི་མིག་ནང་རྩ་ཆེའི་ནོར་བུ་ཞིག་ཏུ་གྱུར།

ཟླ་བ་སྒྲོལ་མས་ཨ་རིའི་པོ་སི་ཏུན.པེ་ཕེ་སི་སློབ་ཆེན་དུ་སླེབས་མ་ཐག་ཨ་རི་བ་ཚོས་རང་ཉིད་ས་མཐའ་ལུང་ཁུག་ནས་ཡོང་བ་མི་ཤེས་པས་ཕ་ཡུལ་དང་གནམ་ཐང་བར་ཐག་ཅི་ཙམ་ཡོད་པ་དང་འདི་ནས་ཕ་ཡུལ་ལ་སོང་ན་དུས་ཚོད་ཅི་ཙམ་དགོས་པ། ཕར་འགྲོ་ཚུར་འོང་བྱེད་པའི་ལམ་བར་ལ་ཉིན་གྲངས་ལྟར་རྩིས་བརྒྱབ་ནས་སློབ་གྲོགས་ཚོར་ངོ་སྤྲོད་བྱས་རྗེས། སློབ་གྲོགས་ཚོས་བསམ་ཡུལ་འདས་པ་ཞིག་ལ་ཁོ་མོ་སྐར་མའི་གོ་ལ་གཞན་ཞིག་ནས་ཡོང་བ་དང་འདྲ་བའི་སྣང་བ་ཞིག་སྟེར་ཞིང་། རིག་གནས་ཀྱི་ཁྱད་པར་ཡོད་པའི་དབང་གིས་སློབ་གྲྭར་ཁྱིམ་ཐོ་གཞན་པའི་སློབ་མ་མང་པོ་མེད་ཅིང་། ཨ་རིར་འཚར་ལོངས་བྱུང་བའི་བོད་རིགས་གཅིག་ལས་མེད་པ་དང་། ཁོ་མོ་ནི་བོད་ནས་ཡོང་བ་ཞིག་ཡིན་སྟབས་མི་མང་པོ་ཞིག་གིས་བོད་གང་དུ་ཡོད་མེད་ཀྱང་ཤེས་ཀྱི་མེད་ལ་ཐོས་མྱོང་མེད་པས་ཟླ་བ་སྒྲོལ་མས་དངོས་མཚོན་གློག་བརྙན་བཟོས་ནས་བོད་རིགས་ཀྱི་ཡུན་རིང་གི་ལོ་རྒྱུས་དང་རིག་གནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱ་རྒྱུའི་ཐག་བཅད་བྱས།

2009ལོ། ཟླ་བ་སྒྲོལ་མ་ཕྱི་རྒྱལ་དུ་མ་འགྲོ་གོང་། ཕ་ཡུལ་གྱི་མི20ལྷག་ལ་བཅར་འདྲི་བྱས་ཏེ་རིགས་མི་འདྲ་བའི་ངལ་རྩོལ་གླུ་དབྱངས6དང་དམངས་གཞས3 དམངས་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་འཚོལ་བསྡུ་བྱས། 2012ལོར་སྨན་ཤོད་ས་ཁུལ་གྱི་བོད་རིགས་ཀྱི་གླུ་གཞས《ལྷིང་འཇགས་ཀྱི་གླུ་གཞས》པར་བསྐྲུན་བྱས།(བོད་ཡིག་དང་དབྱིན་ཡིག་བསྡུར་བ) 2013ལོར་ཁོང་གི་པར་ལེན་བརྩམས་ཆོས《བོད་རིགས་ཀྱི་གྱང་རྡུང་གླུ་དབྱངས》ལ་རྒྱལ་སྤྱིའི་དམངས་སྲོལ་པར་ལེན་མཐུན་ཚོགས་དང་ཀྲུང་གོ་དམངས་སྲོལ་པར་ལེན་མཐུན་ཚོགས་མིའི་རིགས་ཀྱི་སྐབས་བརྒྱད་པའི་ལེགས་སྐྱེས་བྱ་དགའ་དང་ཟིན་ཐོའི་བྱ་དགའ་ཐོབ་པ་རེད། 2016ལོའི་ཟླ8པ་ནས་ཟླ9པའི་བར་ཨ་རིའི་ཧྲི་སྨི་སེན་སློབ་ཚོགས་ཀྱིས་ཟླ་བ་སྒྲོལ་མ་དང་ཁོང་གི་ཨ་ཕ་བྱང་བློ་ཉི་མ། གཅུང་པོ་ཟླ་བ་གྲགས་པ་བཅས་ཨ་རིའི་ཉིའུ་ཡོག་དང་། ཝ་ཧྲིང་ཐོན། ཡེ་ལུའུ་སློབ་ཆེན་དུ་སྐོར་སྐྱོད་འགྲེམས་སྟོན་དང་གཏམ་བཤད་བྱེད་པར་གདན་འདྲེན་ཞུས་པ་རེད།

2012ལོར་ཟླ་བ་སྒྲོལ་མས་སྨན་ཤོད་ས་ཁུལ་གྱི་སྲོལ་རྒྱུན་འཇིམ་བརྙན་ལག་ཤེས་བཟོ་རྩལ་དངོས་མཚོན་གློག་བརྙན《རྫོང་སར་འཇིམ་བཟོ》ཞེས་པ་གསར་རྩོམ་བྱས། 2012ལོའི་འཛམ་གླིང་ལག་ཤེས་བཟོ་རྩལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་པར་ལེན་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ་དང2014ལོའི་ཀྲུང་གོའི་གྲོང་རྡལ་ཅང་ཞི་ཅིན་ཏུའུ་རྒྱལ་སྤྱིའི་དངོས་མཚོན་གློག་བརྙན་སྐབས་གཉིས་པར་མིང་འདོན་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། 2015ལོར་ཨ་རིའི་མཐོང་ཚོར་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་སློབ་ཆེན་སློབ་མ་ཡག་ཤོས་ཀྱི་བརྙན་ལམ་བྱ་དགའ་བཅས་ཐོབ་པ་རེད། 2013ལོའི་ཟླ་ལྔ་པར་ཟླ་བ་སྒྲོལ་མས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚན་སློབ་འཕྲིན་ལམ་གྱི་ཆེད་འདྲི་དང་ལེན་བྱས་པས་མ་ཚད《འཚོལ་ཞིབ་ཤེས་རྟོགས།》དང《ལག་རྩལ།》ལེ་ཚན་དང་དུས་ཚིགས་གསུམ་པ《རྫོང་སར་གྱི་འཇིམ་བཟོ།》ཞེས་པ་བཏང་བ་རེད།

2014ལོར་ཟླ་བ་སྒྲོལ་མས་རྫོང་སར་ས་ཁུལ་གྱི་འབྲོག་པ་དང་སྒོ་ཕྱུགས་བར་འབྲེལ་བའི་དངོས་མཚོན་གློག་བརྙན《སེམས་བཟང་གི་རྫུན་གཏམ།》ཞེས་པ་བཟོས་པར་མ་ཟད་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་ཐུང་གྲས་ཀྱི་དངོས་མཚོན་གློག་བརྙན་ཐུང་གྲས་ཀྱི་བྱ་དགའ་ཨང་གཉིས་པ་ཡང་ཐོབ་པ་རེད།

ཟླ་བ་སྒྲོལ་མས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མིག་རྒྱང་དང་མཐོང་ཚོར་ལ་བརྟེན་ནས་ཕ་ཡུལ་གྱི་རིག་གནས་དང་ཡུལ་སྲོལ་མཚོན་པའི་གཟུགས་བརྙན་བརྩམས་ཆོས་མང་པོ་པར་ལེན་བྱས་ནས་ཇི་མ་ཇི་བཞིན་གྱི་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་དང་བོད་རིགས་མི་དམངས་ཀྱི་འཚོ་བའི་རྣམ་པ་མཚོན་པར་བྱས་ཡོད། ཕྱི་རྒྱལ་གྱི་དགེ་རྒན་ཆེན་མོ་བ་ཚོས་ཁོང་གིས་ཟིན་བྲིས་སུ་བཀོད་པའི་བོད་ཀྱི་རིག་གནས་བརྙན་པར་བརྩམས་ཆོས་ཚང་མ་བདེན་པ་ཟོལ་མེད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དགེ་རྒན་ཆེན་མོ་བ་ཚོས་འདི་ལ་བརྟེན་ནས་སློབ་གྲོགས་གཞན་དག་ལ་རང་ཉིད་ཀྱི་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱ་དགོས་པའི་སྐུལ་མ་བཏང་ཞིང་། ཟླ་བ་སྒྲོལ་མས་བྱ་དགའ་ཐོབ་མ་ཐག་ཡུལ་མི་སྤུན་ཟླ་དང་ནང་མི་ཚང་མས་དགའ་ཚོར་བྱེད་ཀྱི་ཡོད་ཀྱང་ཟླ་བ་སྒྲོལ་མས་དེ་བས་ཁེངས་སྐྱུང་ངང་བྱ་དགའ་ཐོབ་པའི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། བྱ་དགའ་དེ་དག་གི་ཐོག་ནས་ཁོང་གིས་ཕ་ཡུལ་གྱི་རིག་གནས་ལ་དོན་སྙིང་ལྡན་པའི་དྲིལ་བསྒྲགས་བྱེད་མྱོང་ཡོད་པ་དང་། ཕ་ཡུལ་གྱི་རིག་གནས་དང་ཕ་ཡུལ་གྱི་འཚོ་བཅུད་ལས་བྱུང་བ་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད། ཁོང་གིས་དོན་སྙིང་ལྡན་པའི་བྱ་བ་དེ་རྒྱུན་འཁྱོངས་ངང་མུ་མཐུད་ནས་བསྒྲུབ་རྒྱུ་དང་དེ་ལས་བཟང་བ་བསྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གླེང་སྐབས་ཟླ་བ་སྒྲོལ་མས་སྲོལ་རྒྱུན་གྱི་བོད་ཀྱི་རིག་གནས་དེ་ནོར་ལུག་འཚོ་བ་དང་ས་ཞིང་འདེབས་པ། ཡང་ན་དབྱར་རྩྭ་དགུན་འབུ་དང་མུ་ཏིག་དང་ནོར་བུ་ཉོ་ཚོང་བྱེད་པ་ཙམ་མ་ཟད། ལག་ཤེས་བཟོ་རྩལ་དང་ཞབས་བྲོ། གྱོན་ཆས་སོགས་རིག་གནས་ལག་རྩལ་མང་པོ་ཞིག་འཕེལ་རྒྱས་འགྲོ་ཐུབ་པ་ལས་རང་ལམ་རང་བཀག་དང་རང་ལག་རང་བསྡམས་བྱེད་མི་རུང་། གང་ལགས་ཤེ་ན། འཕེལ་རྒྱས་གཏང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་གལ་ཏེ་དུས་བསྟུན་འཕེལ་རྒྱས་གཏོང་མ་ཐུབ་ན་རིག་གནས་ཡག་པོ་ཞིག་དུས་ཚོད་སྔ་ཕྱི་ཙམ་ལ་མེད་པར་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་མང་པོ་ཞིག་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཐུབ་པ་དཔེར་ན། དམངས་ཁྲོད་ཀྱི་གླུ་གར་དང་ཐང་ག ཟངས་བརྐོས། ཤིང་རྐོ། རྫ་རྐོ་སོགས་ཀྱི་ལག་ཤེས་བཟོ་རྩལ་ཡོད་པར་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་དང་། རྩོམ་རིག་ལོ་རྒྱུས། གཏམ་དཔེ། ལོ་རྒྱུས་སོགས་ཡོད་པ་དེ་དག་དུས་ཚོད་དང་བསྟུན་ནས་ཧ་ཅང་རྩ་ཆེན་དུ་འགྱུར་གྱི་ཡོད། ཟླ་བ་སྒྲོལ་མས་ང་ཚོ་དཀར་མཛེས་ཁུལ་གྱི་ས་ཆ་གང་དང་རིག་གནས་གང་ཞིག་ཡིན་རུང་ཚང་མ་འགྲོ་བ་མིའི་རིག་གནས་ཀྱི་ནོར་བུ་དཔེ་མེད་ཅིག་རེད་ཅེས་གདེང་ཚོད་ཆེན་པོས་བཤད། དེར་བརྟེན། རང་ཉིད་ལ་སྤྲོ་བ་ཡོད་ཚད་ཟིན་བྲིས་དང་སློབ་སྦྱོང་བྱེད་རིན་ཡོད་པ་དང་། གལ་ཆེ་ཤོས་ནི་རང་ཉིད་ཀྱི་འཚར་ལོངས་དང་འཚོ་བའི་རྒྱབ་ལྗོངས་དང་ཟུང་འབྲེལ་བྱས་ཏེ། ཆེས་དངོས་ཡོད་ཀྱི་དངོས་པོ་ཟིན་ཐོར་བཀོད་ནས་མི་གཞན་གྱིས་ཆེས་འགངས་ཆེ་བའི་དངོས་པོ་མཐོང་དུ་འཇུག་དགོས་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:འདབ་པའི་ཉི་སྟེན་གྱི་སྟོན་ཉམས།
  • ལེ་ཚན་རྗེས་མ།:གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།