མ་ཡུམ་ལ་བྲིས་པའི་སྙན་ཚིག་སེང་གེ་དཀར་མོའི་འོ་མ།

འཇམ་དབྱངས་ཚེ་རིང་།        2019-10-21

ཨོཾ་བདེ་ལེགས་སུ་གྱུར་ཅིག།

ཕྱག་སོར་རྩེད་མོ་རྩེད་འཇོ་ལས་བྱུང་བའི།།

ཁྱོད་ཀྱི་དྲིན་དང་ཡོན་ཏན་དྲན་ནུས་ཙམ།།

སྙན་མོ་ཚིག་འདི་ཡི་གེ་ལ་བརྒྱུས་ནས།།

སྤྲོ་བའི་ཚུལ་གྱི་བདག་གིས་འདི་རྩོམ་མོ།།


དགོས་འདོད་མི་ལུས་རིན་ཆེན་དངོས་གྲུབ་བསྩལ།།

རིག་གནས་ལེགས་ཚོགས་སྙིང་པོའི་བདུད་རྩི་མྱངས།།

འཇིག་རྟེན་ལྟད་མོ་ཀུན་ལ་དགའ་བས་བལྟས།།

བདེ་སྐྱིད་རིན་ཐང་བསྐྲུན་མཁན་མ་ཡུམ་ལགས།།


ཞལ་རས་སྨུག་ལ་གཉེར་མའི་ཕྲེང་བ་བརྩེགས།།

དབུ་སྐྲ་དཀར་ནག་འདྲེས་མར་སྣུམ་དང་བྲལ།།

ཁྱིམ་ཐབས་ལས་ལ་བྲེལ་བའི་བྱམས་བརྩེ་ཅན།།

དྲིན་ཆེན་མ་ལོའི་ཞལ་རས་ཝ་ལེར་འཆར།།


རང་གཞན་ཀུན་ལ་སྨན་པའི་ལྷག་བསམ་ཅན།།

པདྨོའི་བཞིན་ལ་བྱམས་བརྩེ་བུང་བའི་མིག།

རྣམ་ཀུན་བརྩེ་བའི་ཞལ་རས་དྲོན་མོ་ཅན།།

རྡོ་ལ་རི་མོ་བརྐོས་བཞིན་གསལ་ལེར་ཤར།།

བསམ་དཀར་དགེ་བའི་ཡིད་ཀྱི་ཐུགས་རྒྱུད་ཕྱུག།

གཞན་ཕན་ལྷག་བསམ་དཀར་མོ་འོ་མ་བཞིན།།

བདག་གཞན་མཉམ་བརྗེ་བསམ་པའི་དྲིན་ཆེན་མ།།

རྗེ་བཙུན་སྒྲོལ་མའི་རྗེས་སུ་རྐང་བ་འཇོག།


ཁྱིམ་ཚང་སློབ་གསོར་བརྩོན་པའི་དགེ་རྒན་དང་།།

ཡ་རབས་སློབ་གསོའི་བློ་ལྡན་ཚིམས་པར་བྱེད།།

རང་རིགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་མཁན།།

ཕྱག་རྗེས་ཕྲན་བུ་རང་རིགས་ཅན་ལ་བསྟབས།།


ཁྱད་འཕགས་ཡོན་ཏན་ཁྱོད་ལ་དབེན་ནའང་།།

མཛངས་མའི་ཡོན་ཏན་མ་ལུས་ཁྱོད་ལ་འཛོམས།།

བོད་རིགས་འཕེལ་བའི་རྟེན་དུ་གྱུར་བ་ཡི།།

མ་ཡུམ་ཐམས་ཅད་བོད་ཀྱི་རྟེན་མཆོག་ཉིད།།


དུས་བཞིའི་དཀའ་སྡུག་ལས་ལ་མི་འཛེམས་ཤིང་།།

རང་གཞན་ཀུན་ལ་སྨན་པའི་སེམས་བསྐྱེད་ཀྱིས།།

ཁྱིམ་ཚང་ལས་ཀའི་ཕྱག་ཟུང་འཇམ་དང་བྲལ།།

བུ་ཆུང་བདག་གིས་སེམས་འདི་བཟོད་ཐབས་བྲལ།།

འཇིག་རྟེན་ཆོས་བརྒྱད་ལས་ཀྱི་སྦག་ནའང་།།

སྐྱབས་འགྲོ་བསླབ་བྱའི་སྒྲོན་མེ་འོད་སྣང་གིས།།

ཐར་བའི་ལམ་སྟོན་ཕྱོགས་ལ་མ་རྨོངས་པའི།།

དམ་ཚིག་སྲུང་མཁས་མ་ལོ་ཨེ་མ་མཚར།།


སྤུན་དང་ན་ཟླ་ཀུན་ལས་བབས་ཆགས་ཤིང་།།

སྐལ་བཟང་བློ་ལྡན་ཚོགས་ལ་ཡིད་སྨོན་པའི།།

སྐལ་ལྡན་སྨོན་པའི་ཐུགས་འདུན་གང་བ་ཡིས།།

ཤེས་ལྡན་བཀུར་མཁས་མ་ཡུམ་བདག་གིས་རྒྱན།།


ཚིག་རྩུབ་མཚོན་གྱི་གཞན་ཡིད་མི་རྒོད་ཅིང་།།

ང་རྒྱལ་མདའ་མོས་གཞན་ལ་ཕོག་ཐུག་མེད།།

ཚུལ་མཐུན་བབས་ཆགས་ཕལ་བའི་བརྟུལ་ཞུགས་མཁན།།

སྙན་ཚིག་ཕྲེང་བའི་ལམ་ནས་རྒྱུན་དུ་བསྟོད།།


ཀ་རའི་རོ་མངར་འཛོམས་པའི་ཟས་སྣ་བཞིན།།

ཁ་ལྕེ་མཉེན་མོ་བློ་ལ་འབེབས་པའི་གཏམ།།

ག་ལེར་རྩོམ་པའི་བློ་སྤོབས་དམན་ནའང་།།

ང་ཡི་ཀུན་གྱི་གཟུགས་འཛིན་དཔལ་དུ་བཀྲམས།།

  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:བོད་ཀྱི་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ངག་གི་གཡང་འབོད།