བོད་ཡུལ་གྱི་འོས་འགན་སློབ་གསོ་སྐོར་གླེང་བའི་གཏམ།

ཤེལ་ཐོ།        2019-10-16

    སྤྱིར་སློབ་གསོ་ཞེས་པ་ནི་མིའི་ནུས་པ་དང་ཤེས་ཡོན་གོང་འཕེལ་ཆེད་དུ་སློབ་གྲྭ་དང་དགོན་སྡེ་སོགས་ནས་བླང་དོར་འཇུག་ལྡོག་ལ་མི་རྨོངས་པའི་བསླབ་པ་སློབ་གཉེར་ལ་འཇུག་པའི་བྱ་གཞག་ཞིག་དང་མིའི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱའི་མིང་ལ་འཇུག་པ་ལྟར། མི་ཞིག་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཀུན་ལ་འཇུག་ཅིང་། སྐབས་འདིའི་འོས་འགན་སློབ་གསོ་ཞེས་པའང་དེ་ལས་མ་འདས་པར་བོད་ཡུལ་གྱི་བྱིས་པ་ཀུན་གྱིས་ངེས་པར་དུ་བརྒྱུད་དགོས་པར་སློབ་གསོའི་ཐབས་ལམ་ཞིག་ཡིན་ལ། རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱིས་ཁག་ཐེག་བྱ་དགོས་པའི་རྒྱལ་དམངས་སློབ་གསོ་ཞིག་ཡིན་པའི་ཆ་ནས་སྐབས་སུ་བབས་པར་བོད་ཡུལ་གྱི་འོས་འགན་སློབ་གསོ་སྐོར་ལ་ཤེས་ཚོད་ཀྱིས་གླེང་བར་འདོད་དོ།།

    འོས་འགན་སློབ་གསོའི་བཅའ་ཁྲིམས་དོན་འཁྱོལ་དགོས་ཚུལ།

    རང་རྒྱལ་གྱི་འོས་འགན་སློབ་གསོ་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་དང་རྩ་ཁྲིམས་ཀྱིས་འགན་སྲུང་ཡོད་པས། ཚང་མས་འོས་འགན་སློབ་གསོ་ལེགས་པར་གཉེར་ནས་བོད་ཡུལ་གྱི་སློབ་གསོ་ལ་མཐོང་ཆེན་བྱེད་པ་གལ་ཧ་ཅང་ཆེན་པོ་རེད། འོས་འགན་སློབ་གསོའི་བཅའ་ཁྲིམས་ནང་དུ་བཀོད་པ་ལྟར་ན། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གིས་དང་ལེན་དགོས་པའི་རྒྱལ་དམངས་སློབ་གསོ་ཞིག་ཡིན་ལ། དེ་ཡང་མི་ཞིག་སྤྱི་ཚོགས་སྟེང་དུ་འཇོན་ཐང་དང་ནུས་པ་གང་འདྲ་ཞིག་ཡིན་པ་ནི་མི་དེས་འོས་འགན་སློབ་གསོ་ལེགས་པར་མྱོང་ཡོད་མེད་ཀྱི་ཚད་ལ་རགས་ལས་པས། རང་རྒྱལ་གྱི་མི་རིགས་ས་ཁུལ་དུ་འོས་འགན་སློབ་གསོ་ལག་ལེན་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་རིགས་ཧྲིལ་པོའི་བྱང་ཚད་དང་ཤེས་ཡོན་མཐོར་འདེགས་བཏང་ནས་ཤེས་ཡོན་ཅན་གསོ་སྐྱོང་བྱེད་པར་རྨང་གཞི་འདིང་བ་དེ་རེད། ང་ཚོས་ངེས་པར་དུ་འོས་འགན་སློབ་གསོ་དེ་དག་རྒྱུན་འཁྱོངས་བྱ་དགོས་ལ། སུ་ཞིག་གིས་འོས་འགན་སློབ་གསོའི་བཅའ་ཁྲིམས་དང་འགལ་ན་དེ་ལ་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཆད་པ་ནན་མོ་བཅད་ནས་སློབ་གསོའི་འོས་འགན་ཡང་དག་པར་སྲུང་འཛིན་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་གསར་པའི་དུས་རབས་ནང་ང་ཚོས་ངེས་པར་འོས་འགན་སློབ་གསོ་ལེགས་པར་བསྒྲུབས་ནས་གཞི་རིམ་སོགས་ཀྱི་ས་ཆ་ནས་མགོ་བཟུང་སྟེ་འོས་འགན་སློབ་གསོ་ལག་ལེན་བསྟར་ནས་བྱིས་པ་སློབ་གྲྭར་མི་མངགས་པ་དང་ཁྱིམ་བདག་གི་སློབ་གྲྭར་རྒྱབ་སྐྱོར་མི་བྱེད་པ་སོགས་ལ་འོས་འགན་སློབ་གསོའི་ཁྲིམས་ཀྱི་རྒྱབ་རྟེན་བྱས་ནས་དེ་དག་གོ་བསྐོན་བློ་འགུག་གི་སློབ་གསོ་དང་བྱས་ཤིང་། ཀུན་གྱིས་འོས་འགན་སློབ་གསོ་ལག་ལེན་ཏུ་བསྟར་བར་བྱས་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཤེས་རིག་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་རིགས་འགྱུར་བར་བརྩོན་ལེན་བྱ་དགོས།

    འོས་འགན་སློབ་གསོ་ལག་ལེན་བསྟར་བར་གཞི་རིམ་གྱི་གནད་དོན་ཁག

    ༼ ཀྲུང་གུང་ཀྲུང་དབྱང་གིས་སློབ་གསོའི་མ་ལག་བཅོས་བསྒྱུར་སྐོར་གྱི་ཆོད་དོན༽ དུ་སེམས་ཐག་གཙང་བཅད་ཀྱིས་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་བཅའ་ཁྲིམས་ལག་ལེན་མཐའ་འཁྱོལ་བྱེད་དགོས་ཞེས་བསྟན་འདུག་མོད། རིམ་པ་མང་པོ་བརྒྱུད་ནས་རང་རེའི་གཞི་རིམ་ས་ཁུལ་དུ་འབྱོར་དུས་གོང་གི་ཆོད་དོན་དུ་གསལ་བ་ལྟར་ལག་ལེན་བསྟར་མཁན་ཧ་ཅང་ཉུང་ལ། ཆོད་དོན་གསལ་བ་ལྟར་ན་མ་དངུལ་མང་ཆེ་བ་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་སུ་སྤྱོད་དགོས། བོད་ཡུལ་གྱི་སློབ་གྲྭ་ཁག་ལ་སློབ་ཁྲིད་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པའི་རྒྱུ་རྐྱེན་ཡང་རྒྱལ་ཁབ་དང་རིམ་པ་སོ་སོས་གནང་བའི་སློབ་འཛུགས་དང་སློབ་ཁྲིད་སྒྲིག་ཆས་ཆ་ཚང་ཡོང་བའི་མ་དངུལ་དག་གཞི་རིམ་སློབ་གསོའི་དགོས་རང་ལ་སྤྱོད་པ་ལས་ཕྱོགས་གཞན་པར་སྤྱོད་མི་འོས་ཞེས་གསལ་བ་ལྟར། སློབ་ཁྲིད་ནང་དོན་འཐུས་ཚང་མ་ཡིན་པའི་གནས་ཚང་མས་གསར་སྣོན་བྱས་ ཤིང་། བོད་ཡུལ་གྱི་གཞི་རིམ་སློབ་གསོའི་གནས་བབ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ཡང་དག་པའི་བཅའ་ཁྲིམས་ལག་ལེན་དུ་བསྟར་ནས་སློབ་གསོའི་འགྲོ་གྲོན་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་དང་། གཞི་རིམ་གྱི་སློབ་གྲྭ་ཁག་གི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་ཕྱོགས་སུ་སྔར་བཞིན་འབད་ནས་ངེས་པར་དུ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་རུ་གཏང་དགོས་སོ།།

    སློབ་གསོའི་གནས་བབས་ལ་གཞིག་པའི་མཇུག་གི་གཏམ།

    སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་གསར་པའི་དུས་རབས་འདིའི་ནང་དུ་ང་ཚོས་ངེས་པར་གཞི་རིམ་ས་ཁུལ་གྱི་འོས་འགན་སློབ་གསོ་དག་བཅའ་ཁྲིམས་དེ་ཉིད་རྒྱབ་རྟེན་དུ་བཅོལ་ནས་གོ་ལའི་གཙུག་ན་འགྱིང་བའི་བོད་ཀྱི་ཡུལ་གྲུ་ཀུན་དུ་ཡིག་རྨོངས་པའི་དྲི་ཙམ་ཡང་མི་བྲོ་བར་བྱས་ནས་བོད་བྱིངས་ཀྱི་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་གཏང་ཐབས་དང་མི་རིགས་འདི་ཉིད་འཕེལ་རྒྱས་ཀྱི་སླད་དུ། ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་འབྲེལ་ཡོད་བྱེད་ཕྱོགས་ལག་ལེན་དུ་མཐར་ཕྱིན་པ་བསྟར་ཞིང་། མི་རྣམས་ཀྱི་ཤེས་རྟོགས་མཐོ་རུ་གཏང་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་བྱ་དགོས་སོ།།

  • ལེ་ཚན་སྔོན་མ།:སྐད་གཉིས་སློབ་གསོའི་གལ་ཆེན་རང་བཞིན་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་བྱ་ཚུལ་ཐོག་མར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།