ཁྱོད་ནི་སློབ་ཆེན་པ་རེད། ཡིན་ན་ཡང་ཁྱོད་ཅི་ཡང་མ་རེད།

ཡུས་ཀྲེ་ཅོན་གྱིས་བརྩམས།        2019-10-08

       ཁྱོད་ནི་སློབ་ཆེན་པ་རེད། ཁྱོད་ལ་ཅི་ཡང་མེད་ན་ཡང་ཁྱོད་ཀྱིས་བརྩེ་དུང་གི་མངར་བཅུད་ལ་རོལ་ཆོག་པ་ཡིན། འགན་འཁྲི་ནི་ཁྱོད་ལ་མཚོན་ན་བརྩེ་དུང་གི་མངར་བཅུད་རོལ་ཆེད་དུ་སྤྲས་པའི་ཕྱི་ཤུན་ཙམ་ཡིན། ཁྱོད་ལ་སྒེར་སེམས་ཆེ་སྟེ། ཁྱོད་ཀྱིས་མི་ཞིག་ལ་དགའ་བ་ནི་གཞུག་འདང་རྒྱག་མི་དགོས་པའི་རྩེད་མོ་ཙམ་དུ་བལྟ་བ་ལས།

        རང་ཉིད་ཀྱིས་ཕ་རོལ་པོར་བདེ་སྐྱིད་བསྐྲུན་ཐུབ་མིན་ལ་བསམ་བློ་མི་གཏོང་ལ། རང་ཉིད་ཀྱི་འགན་འཁྲི་དང་དུ་ལེན་ཚུལ་ཡང་མི་ཤེས། ཁྱོད་ལ་གསོག་གསོབ་ཀྱང་ཆེ་སྟེ། གཞན་གྱི་མིག་མདངས་ཀྱི་ཁྲོད་ནས་འཚོ་བར་གོམས་པ་ལས། རང་ཉིད་ལ་དབང་བའི་འཇིག་རྟེན་ཞིག་འཚོལ་བར་མི་ནུས།

        ཁྱོད་ནི་སློབ་ཆེན་པ་རེད། ཕ་མའི་རྔུལ་ཁྲག་ལས་ཐོན་པའི་འབྲས་བུར་ལོངས་སྤྱོད་བྱེད་བཞིན་རང་ཉིད་ཀྱི་སྤྲོ་སྣང་ཁོ་ན་འཚོལ་བ་ལས། ཕ་མའི་དཀའ་སྡུག་ནི་གཏན་ནས་མི་ཚོར། ཕ་མ་གཉེན་ཉེའི་ཆེད་དུ་དུས་ཚོད་སྐར་ཆ་འགར་ཡང་སེར་སྣ་བྱ། ཁྱོད་ཀྱི་དུས་ཚོད་ཕལ་ཆེ་བ་ཁ་པར་གྱི་ངོས་ན་འཛད་ཀྱིན་ཡོད་ན་ཡང་། སྒོར་མོ་ཚར་དུས་མ་གཏོགས་ཁྱོད་ཀྱིས་ཕ་མ་ལ་ཁ་པར་གཏོང་དགོས་པ་ཡིད་ལ་མི་དྲན །ཁྱོད་ཀྱི་སེམས་ནང་གི་རྒྱུ་འབྲས་རྒྱ་ཤིང་ཇེ་འཁྱོག་ནས་ཇེ་འཁྱོག་ཏུ་གྱུར་ཀྱང་། བདེ་སྐྱིད་ཀྱི་སྦྲང་རྩིའི་བྲོ་བ་ནི་ཕྱིར་དྲན་ཁོ་ནས་ཕྱིར་བདས་འགྲོ་དུས། ཁྱོད་ཀྱིས་རྒྱུས་མེད་གསར་འགྲོགས་ཀྱི་མི་ཞིག་ལ་དགའ་རབས་དྲན་རབས་ཀྱི་སྙིང་གཏམ་སྟོང་ཕྲག་ཁྲི་ཕྲག་བཟློ་བར་བྱ། ཡིན་ན་ཡང་། ཁྱོད་ཀྱིས་རང་ཉིད་ལ་སྲོག་རྟེན་སྦྱིན་ཞིང་སྐྱེ་སྟོབས་སྣོན་པའི་ཕ་མ་ལ་དེ་འདྲའི་སྙིང་གཏམ་ཚིག་གཅིག་ཀྱང་བརྗོད་མྱོང་མེད། ནམ་ཞིག་བདེ་སྐྱིད་ནི་ཆུ་ལྒང་བཞིན་དུ་ཕྲལ་འགྲོ་ངེས་ཡིན་ལ། དེ་དུས་ཁྱོད་ཀྱི་སེམས་ནང་གི་རྒྱུ་འབྲས་རྒྱ་ཤིང་ཡང་ཆག་གྲུམ་དུ་གྱུར་ཚར་ཡོད།

        ཁྱོད་ནི་སློབ་ཆེན་པ་རེད། གླུ་པ་གླུ་མ་གང་རུང་ཞིག་གི་སྐྱེས་སྐར་ཁྱོད་ཀྱིས་ཤེས་ལ། འཁྲབ་པ་འཁྲབ་མ་གང་རུང་ཞིག་བཟའ་བར་དགའ་བའི་སིལ་ཏོག་གང་ཡིན་པའང་ཁྱོད་ཀྱིས་ཤེས་ཡོད། ཡིན་ན་ཡང་། ཁྱོད་ཀྱིས་རང་གི་ཨ་མ་ཙོང་སྒོག་བཟའ་བར་མི་དགའ་བའང་མི་ཤེས།

        ཁྱོད་ནི་སློབ་ཆེན་པ་རེད། ཡིན་ན་ཡང་ཁྱོད་ནི་ཅི་འདྲའི་བསམ་མེད་ཅིག་དང་ཅི་འདྲའི་བླུན་རྟགས་ཆེ་བ་ཞིག་རེད་ཨང་། དགོད་བྲོ་བ་ཞིག་ནི་ཁྱོད་ཀྱིས་རང་ཉིད་ལ་བླུན་རྟགས་ཅི་འདྲ་ཆེ་བ་མི་ཤེས་པར་མ་ཟད། ད་དུང་ཡིན་མདོག་གི་ང་རྒྱལ་རབ་ཏུ་ཆེ།ན་སོ་ཉི་ཤུའི་སྒང་དུ་ད་དུང་བྱིས་དུས་ཀྱི་བྱིས་རྟགས་སྟོན་པར་དགའ་ལ། གཅེས་ལངས་ཀྱི་ངང་ཚུལ་སྟོན་པ་དེ་འཆར་ཡན་གྱི་སྣང་བ་རྒོད་པའི་ཚུལ་ལ་རྫུ་ཞིང་འཕྲུལ། ཁྱོད་ཀྱིས་ད་དུང་སྟོང་བསམ་ཁོ་ན་བཅངས་ཤེས་པ་ལས། འཚོ་བ་ཟེར་བ་དེའི་བྲོ་བ་གཏན་ནས་ཤེས་ཀྱིན་མེད། ཉི་མ་ཕར་སྐྱེལ་ཁོ་ན་ལས་རང་ཉིད་ཇི་ལྟར་གསོན་པ་ལ་བསམ་བློ་བཏང་མྱོང་མེད། དངོས་ཡོད་སྤྱི་ཚོགས་ཀྱིས་ཚལ་བར་གཤག་པའི་ཉིན་དེ་ལ་ད་གཟོད་གཉིད་མ་སད་ཀྱིས་ཧད་པར་འགྱུར་ངེས་ཀྱང་། དངོས་ཡོད་ཀྱིས་ཁྱོད་ལ་མིག་ཆུ་གཏོང་བའི་དུས་ཚོད་ཀྱང་སྟེར་བར་མི་བྱ།

        ཁྱོད་ནི་སློབ་ཆེན་པ་རེད། ཁྱོད་ཡོད་པ་ནས་ཁྱེད་ཚང་གི་འཚོ་བ་ནི་རྒྱུན་ལྡན་མ་ཡིན་པ་ཞིག་ཏུ་གྱུར་ཡོད་དེ། ཕ་མ་གཉིས་ཀྱིས་བག་ཡངས་ཀྱི་འཚོ་བ་དེར་རོལ་ཐབས་མེད། ཁྱོད་ནི་གོས་གང་བཟང་ལུས་ལ་གྱོན་པར་གོམས་ཡོད་ན་ཡང་། ཕ་མ་གཉིས་ཀྱིས་གོས་གསར་འཇམ་པོ་ཞིག་ལུས་ལ་བླངས་མྱོང་མེད་པ་དེ་ཁྱོད་ཀྱི་སེམས་ལ་མི་དྲན། ཁྱོད་རང་ཨ་ཕས་འཐེན་མ་མྱོང་བའི་ཐ་མག་འཐེན་པ་ལ་འཛེམ་བག་མེད་ལ། ཨ་མས་བཟའ་མ་ཕོད་པའི་ཁ་ཟས་ཞིམ་པོ་བཟའ་བར་ཡང་ཤ་ཚ་བྲལ། ཁྱོད་ཀྱིས་སྐྱེས་སྐར་རམ་ཅི་ཞིག་གི་དོན་དུ། གྲོགས་དང་གྲོགས་ཀྱི་ཚོགས་ལ་ཆང་རག་གི་གསོལ་སྟོན་བཤམ་ཆོག་ཀྱང་། ཁྱོད་ཀྱི་ཕ་མས་སྐྱེས་སྐར་ཟེར་བ་ཞིག་ལ་རོལ་མྱོང་བ་ལྟ་ཅི། ཚེ་གང་བོར་དེ་འདྲ་རྒྱས་སྤྲོས་བྱས་མྱོང་མེད་པ་ཁྱོད་ཀྱིས་ཨེ་ཤེས།

        ཁྱོད་ནི་སློབ་ཆེན་པ་རེད། ཕ་མའི་རྔུལ་ཁྲག་འཇིབ་ལ་སེར་སྣ་མེད་པར། རང་རློམ་ཁེངས་དྲེགས་ཀྱི་བཟོ་ལྟ་ཁོ་ནས་དུས་འདའ་བར་བྱེད། ཁྱིམ་འཛིན་ཚིས་སྐྱོང་གི་ལོ་ཚོད་ལ་སླེབས་ཀྱང་དམིགས་མེད་འཁྱམ་བུའི་ངང་ཚུལ་ལ་བསྟེན། ཧུར་བརྩོན་འབད་འཐབ་ཀྱི་ན་ཚོད་ལ་བབས་ཀྱང་སྐྱིད་འདོད་བདེ་འདོད་ཀྱི་ལེ་ལོའི་དབང་དུ་འཁྱམ། ཕ་མ་ནི་ཁྱོད་ཀྱི་བྲན་གཡོག་ཙམ་ལས་ཅི། ཁྱོད་ནི་བཤང་གཅི་བཟོ་ཤེས་པའི་འཕྲུལ་ཆས་ཤིག་ཡིན་ནམ། ཁྱོད་ཀྱིས་བསམ་བློ་ག་ཚོད་བཏང་མྱོང་། ཁྱོད་ཀྱིས་བསམ་ཤེས་ག་ཚོད་བྱས་མྱོང་། ཁྱོད་ཀྱི་སེམས་སུ་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ། 

        ཁྱོད་ནི་སློབ་ཆེན་པ་རེད། སྒེར་གཤིས་ཟེར་བའི་ཐ་སྙད་སྟོང་བ་ཞིག་ལ་རེ་སྙེག་བྱེད་བཞིན། ཁེར་རྐྱང་གི་དུས་མི་འཁྱོལ་བར་འུར་འདྲོགས་ཀྱི་སྤུར་ལ་དགའ། ཁྱོད་ལ་མཚོན་ན། སློབ་ཆེན་དུ་འགྲོ་བ་ནི་སྒོར་མོ་མང་པོ་བཏང་ནས་དུས་ཚོད་ཆུད་ཟོས་སུ་གཏོང་དུ་སོང་བ་རེད་ལ། དུས་ཚོད་མང་པོ་བཏང་ནས་ཚེ་སྲོག་ཆུད་ཟོས་སུ་གཏོང་དུ་སོང་བ་རེད། ཕ་མའི་འཚོ་བ་རོལ་སྟངས་ནི་ཅི་འདྲའི་བྲོ་མེད་སྣ་རྐྱང་གི་བསྐྱར་ཟློས་བྱེད་སྟངས་ཤིག་ཡིན་པ་ཁྱོད་ཀྱིས་མི་ཤེས། འོན་ཀྱང་ཁོ་ཚོར་ནམ་ཡང་ལེ་བདའ་མེད་དེ། རྒྱུ་མཚན་ནི་ཁོ་ཚོ་ལ་དམིགས་ཡུལ་ཡོད་པས་སོ།།

        ཁྱོད་ནི་སློབ་ཆེན་པ་རེད། སློབ་ཆེན་ལ་ཞུགས་པ་ནས་ཁྱོད་ཀྱིས་འགྲན་སེམས་བསྐྱེད་ཚུལ་བསླབ་ཡོད་དེ། རང་ཉིད་ཀྱི་ཨ་ཕ་རྒྱུ་འབྱོར་བ་ལྡན་པའི་སྦྱིན་བདག་ཆེན་པོ་ཞིག་མིན་པ་ཅི་རེད། གཞན་གྱི་ཕ་མ་ལ་མི་དོ་བ་ཅི་རེད་སྙམ། འོན་ཀྱང་ཁྱོད་ཀྱིས་རང་ཉིད་ཀྱི་ཨ་ཕ་གཞན་ལ་མི་དོ་བར་འཁང་ར་བྱེད་དུས། ཁྱོད་ཀྱི་ཨ་ཕས་ཀྱང་རང་ཉིད་ཀྱི་བྱིས་པ་གཞན་ལས་ཕུལ་དུ་བྱུང་བ་ཞིག་དང་ཁྱད་དུ་འཕགས་པ་ཞིག་ཡོང་བར་རེ་བ་བྱེད་ཀྱིན་པ་ཨེ་ཤེས། ཁྱོད་རང་དེ་འདྲ་ཞིག་ཏུ་འཁྱོངས་ཡོད་དམ།

        ཁྱོད་ནི་སློབ་ཆེན་པ་རེད། ཁྱོད་ཀྱིས་འགན་ཁུར་ཡོད་ཚད་ཕ་མའི་སྟེང་ལ་བཀལ་ཆོག་ཀྱང་། ནན་ཏན་གྱིས་སློབ་སྦྱོང་མི་བྱེད་དོན་ཅི་ཡིན། ཁྱོད་ཀྱི་སེམས་པ་སྲ་མོ་རྡོ་དང་མཚུངས་པ་ཅི་རེད། མཚན་མོར་ང་ཚོ་ཡིད་ཚིམ་པ་ཞིག་རྩེ་ཆོག་ལ། ཉིན་མོར་ང་ཚོ་ཡིད་ཚིམ་པ་ཞིག་གཉིད་ཆོག ཡིན་ན་ཡང་ཕ་མས་ཉིན་མཚན་མེད་པར། ལོ་ཟླའི་རླུང་འཚུབ་ཀྱིས་གདོང་ལ་གྲོག་ཤུར་བརྐོས་ཀྱང་། འཚོ་བའི་ལྗིད་ཤུགས་ཀྱིས་སྒལ་བ་སྒུར་དུ་བཅུག་ཀྱང་འཁང་ར་མེད་པའི་སྡུག་རུས་བསྐྱེད་པ་ལ་ཁྱོད་ཀྱིས་འཛེམ་དོགས་མི་བྱེད། ཉིན་རྒྱུན་དུQQདངQQ། ཉིན་རྒྱུན་དུ་སྐད་འཕྲིན་དང་སྐད་འཕྲིན། ཉིན་རྒྱུན་དུ་གློག་བཪྙན་དང་གློག་བཪྙན། སང་ཉིན་ཟེར་བ་ཞིག་ལ་བསམ་བློ་གཏན་ནས་མི་གཏོང་། སློབ་མཐར་ཕྱིན་པའི་ཉི་མ་ཐོན་དུས། སློབ་སྦྱོང་ནི་ཤོར། བྱ་གཞག་ནི་བོར། ད་དུང་གཉེན་བསྒྲིགས་ནས་ཁྱིམ་ཚང་སྐྱོང་བའི་དུས་ལ་སླེབས་འདུག་སྙམ་གྱིན་ཡོད་མོད། དེ་དུས་ད་གཟོད་རང་ཉིད་ནི་དགོད་གཏམ་ཞིག་དང་ཁྱད་མེད་པ་ཚོར་སྲིད། ཉི་མ་དེར་ཐོན་དུས། ཁྱོད་ལ་ཅི་ཡང་མེད། བརྩེ་དུང་མེད། བྱ་གཞག་མེད། དམ་བཅའ་མེད། དེ་དུས་སུ་ཞིག་གིས་ཁྱོད་ལ་དྲོད་ཁོལ་འཛོམས་པའི་བྲང་གཞུང་དེ་འབྱེད་དམ། ཁྱོད་ཀྱི་ཕ་མ་ལས་སུ་ཡང་མེད། སུ་ཞིག་གིས་སྤྲང་པོ་ལྟ་བུའི་ཁྱོད་ལ་ཆ་རྐྱེན་མིད་པའི་དཀྱེལ་ཡངས་སྒོམ་མམ། ཁྱོད་ཀྱི་ཕ་མ་ལས་སུ་ཡང་མེད། ཡིན་ན་ཡང་། ཕ་མས་ཁྱོད་རང་ཚེ་གང་བོར་སྲུང་མི་ཐུབ། ཕ་མ་ནི་ཁྱོད་ཀྱི་ཚེ་གང་གི་ལག་རྟེན་དུ་མི་རུང་། ཨ་ཕ་བུད་སོང་། ཨ་མ་བུད་སོང་། འོ་ན་ཁྱོད། འཇིག་རྟེན་འདིའི་སྟེང་ནས་སུ་ཡང་སུ་ལ་མི་དབང་ཟེར་བ་ཅི་མ་བདེན། རང་ཉིད་དང་ཕ་མ་ལས་སུ་ནི་སུའི་སུ་ཡིན་ནམ། འཛིན་མིད་སྣང་བྲལ་གྱི་སྟོང་པ་ཞིག་ལ་མགོ་འཁོར་ནས་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བར་མཁྱེན། དེ་དག་ནི་ཁྱོད་ཀྱིས་རྒྱས་སྤྲས་འཛད་སྤྱོད་བྱ་ཆོག་པའི་ཐོབ་སྐལ་ཞིག་མིན། རང་ཉིད་ཀྱི་གྲུ་ཁ་འཛུགས་པར་བརྩོན་པ་གྱིས་དང་། དེ་ལ་འཁོར་བའི་གྲུ་གཟིངས་ནི་རང་བཞིན་གྱིས་འདུ་ཡོང་བ་རེད།

        ཞབས་ཞུ་མས་ཟུར་ཟ་འདྲེས་མའི་ངང་ནས་དེང་སང་གི་སློབ་ཆེན་པ་རྣམས་དངོས་གནས་ཕྱུག་པོ་རེད་ཨང་ཟེར་དུས། ཁྱོད་ཀྱིས་རང་ཉིད་ལ་ངོ་སོ་ཆེ་ཨང་སྙམ་མམ། ཁྱོད་ཀྱིས་གྲོགས་པོ་ཚོའི་སྔུན་ནས་ལ་རྒྱ་འཆོར་མེད་སྙམ་མམ།

        ཁྱོད་ནི་སློབ་ཆེན་པ་རེད། ཡིན་ན་ཡང་། ཁྱོད་ལ་ང་རྒྱལ་སྐྱེ་རུང་བའི་མ་རྩ་ཅི་ཡང་མེད།།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 

  • ལེ་ཚན་སྔོན་མ།:མེས་རྒྱལ་གྱི་བསྟོད་དབྱངས་དཔྱིད་ཀྱི་སྦྲང་ཆར།
  • ལེ་ཚན་རྗེས་མ།:སྙན་ངག་དང་ཁ་བ།