ཞི་ཅིན་ཕིང་གིས་གཟེངས་བསྟོད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-09-30

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་།  ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།  ལི་ཁེ་ཆང་།  ལི་ཀྲན་ཧྲུའུ།  ཝང་དབྱང་།  ཀྲའོ་ལེ་ཅི།  ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་གནང་བ་དང་།  ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།



 

    སྤྱི་ཚེས29ཉིན་གྱི་སྔ་དྲོ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་གཉེར་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།  ཞི་ཅིན་ཕིང་གིས།  དཔའ་བོ་གོང་དུ་བཀུར་ན་དཔའ་བོ་ཐོན་པ་དང་།  དཔའ་བོ་བྱ་རྒྱུའི་བརྩོན་ལེན་བྱས་ན་དཔའ་བོ་ཐོན་ཐུབ།  དཔའ་བོ་དཔེ་བཟང་ཚོའི་བྱ་སྤྱོད་ཐོག་ནས་རླབས་ཆེན་ནི་སྤྱིར་བཏང་ཁྲོད་ནས་བྱུང་བ་དང་།  སྤྱིར་བཏང་ཁྲོད་ནས་རླབས་ཆེན་གཏོད་ཐུབ་པ་སླར་ཡང་ར་སྤྲོད་ཐུབ་ཡོད།   ཕུགས་བསམ་གྱི་དད་སེམས་བརྟན་པོ་དང་།  རྒྱུན་ཆད་མེད་པའི་འབད་འཐབ་ཀྱི་སྙིང་སྟོབས་ལྡན་པ།  བྱ་བ་ཚང་མ་ཏན་ཏན་ཏིག་ཏིག་ངང་བསྒྲུབས་ཚེ།  མི་དཀྱུས་མ་སུ་ཞིག་ཡིན་རུང་སྤྱིར་བཏང་མིན་པའི་མི་ཚེ་ཞིག་སྐྱེལ་རྒྱུ་ཡོང་སྲིད་ལ།  སྤྱིར་བཏང་གི་བྱ་བ་མཐའ་དག་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཀྱང་ཐོབ་སྲིད་ཅེས་ནན་སྟོན་གནང་ཡོད།     

ཞི་ཅིན་ཕིང་གིས་གཟེངས་བསྟོད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།     ཞི་ཅིན་ཕིང་གིས།  རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་རྒྱུན་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཡིན།  རླབས་ཆེན་གྱི་བྱ་གཞག་མཐའ་དག་ལ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཁྲོད་སྐུལ་འདེད་གཏོང་དགོས།  དུས་རབས་གསར་པ་ནི་ལས་ཀ་བྱ་གཞི་ཆེན་པོ་ལྡན་པའི་དུས་རབས་ཤིག་ཡིན།  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་དཔའ་བོ་དཔེ་བཟང་ལྟར་གྱི་བརྟན་སྲུང་དང་།  དཔའ་བོ་དཔེ་བཟང་ལྟར་གྱི་འབད་འཐབ་བྱས་ཏེ།  དུས་རབས་གསར་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྗིད་ཉམས་ཆེ་བའི་རྒྱལ་ཁའི་གླུ་དབྱངས་འབྲི་དགོས་པའི་ནན་སྟོན་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན།  ལི་ཁེ་ཆང་དང་།  ལི་ཀྲན་ཧྲུའུ།  ཝང་དབྱང་།  ཀྲའོ་ལེ་ཅི།  ཧན་ཀྲེང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་གནང་ཡོད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་ཡོད།     

ཞི་ཅིན་ཕིང་གིས་གཟེངས་བསྟོད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

      ཆུ་ཚོད་9པ་ཙམ་ལ།  རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ཁོང་རྣམ་པའི་བཞུགས་གནས་ནས་གུས་ལུགས་རླངས་འཁོར་ལ་བཞུགས་ཏེ་རྡོག་ཐོན་གནང་བ་དང་།  རྒྱལ་མགྲོན་ཁང་གི་སྲུང་དམག་རུ་ཁག་གིས་མི་དམངས་ཚོགས་ཁང་ཆེན་མོར་སྲུང་སྐྱེལ་ཞུས་ཡོད།  མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་དུ་དར་དམར་མཐོན་པོར་བསྒྲེངས་བའི་གུས་ལུགས་དམག་གིས་གཡས་གཡོན་གཉིས་སུ་རུ་སྟར་བསྒྲིགས་པ་དང་།  གུས་ལུགས་དམག་གིས་རྡོ་སྐས་སྟེང་ཀྲོང་ངེར་ལངས་པ།  གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་པོས་དགའ་འབོད་བྱས་ཡོད།  རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམ་པས་ས་གདན་དམར་པོའི་ཐོག་སྐས་རིམ་བཞིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ནང་ཕེབས་ཡོད།  ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་དང་གཟི་བརྗིད་གཟེངས་རྟགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་མཉམ་སྡེབ་ཐོག་ཁོང་རྣམ་པར་ཕེབས་བསུ་ཞུ་བར་བཅར་ཡོད་པ་རེད།

     མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་སྤྲོ་སེམས་འཁོལ་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད།  གཞི་དམར་པོའི་རྒྱབ་ངོས་ཐོག་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་།  མཛའ་གྲོགས་གཟེངས་རྟགས།  རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་གཟེངས་རྟགས་བཅས་ཀྱི་པར་རིས་འོད་ཆེམ་ཆེམ་དུ་མངོན་ཡོད།  རྒྱབ་ལྗོངས་ཀྱི་སྒྲོམ་གཞིའི་མདུན་དུ་ཚོན་མདོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་18གཞོགས་གཉིས་སུ་བཞག་ཡོད་པ་དང་།  དཔའ་ཉམས་ཆེ་བའི་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་ལུགས་དམག་མི་18བྱ་དགའ་སྤྲོད་སའི་སྟེགས་བུའི་གཞོགས་གཉིས་སུ་མེ་མདའ་འཁྱེར་ནས་ཀྲོང་ངེར་ལངས་ཡོད།

ཞི་ཅིན་ཕིང་གིས་གཟེངས་བསྟོད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

     ཆུ་ཚོད9དང་སྐར་མ58ཐོག སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་བསྟུན་ནས་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ལྷན་དུ་ཚོགས་རར་ཕེབས་པ་དང་།  ཚོགས་ར་ཡོངས་སུ་ཚང་མར་ཡར་བཞེངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།  

     ཆུ་ཚོད་བཅུ་པའི་ཐོག  གཟེངས་རྟགས་སྤྲོད་པའི་མཛད་སྒོ་དངོས་སུ་གཉེར་ཡོད།  བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་རུ་ཁག་གིས་བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་གཏོང་གནང་བ་དང་།  ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་ཡོད།

     ཝང་ཧུའུ་ཉིང་གིས་ཞི་ཅིན་ཕིང་གིས་མཆན་འགོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱངས་གནང་ཡོད།  ཀྲུའུ་ཞིའི་བཀའ་རྒྱའི་ནང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་།  ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་གོང་འཕེལ་ཐད་ཕུལ་དུ་བྱུང་བའི་ལེགས་སྐྱེས་འབུལ་མཁན་དཔའ་བོ་དཔེ་བཟང་མི་སྣར་གཟེངས་བསྟོད་གཟབ་རྒྱས་བྱེད་པ།  མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱ་ཆེད།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་གཏན་འབེབས་ལྟར།  ཡུས་མིན་སོགས་མི་སྣ་8ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུ་དང་།  ལའོ་འར་ཁ་སི་ཐེ་ལོ་ལུ་སི་སོགས་མི་སྣ་6ལ་མཛའ་གྲོགས་གཟེངས་རྟགས་སྤྲོད་རྒྱུ།  ཡེ་ཕའེ་ཅན་སོགས་མི་སྣ་28ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།

     དར་ཆ་སྒྲེང་མཁན་གཉིས་པོས་སྐར་ལྔའི་དར་དམར་བསྒྲེངས་ཤིང་། གུས་ལུགས་དམག་མི་གསུམ་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་མཛའ་གྲོགས་གཟེངས་རྟགས།  རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་བཅས་བསྣམས་ནས་བརྗིད་ཉམས་ལྡན་པའི་གོམ་སྟབས་དང་བསྟུན་ནས་ཚོགས་རར་ཕེབས་ཡོད།   

ཞི་ཅིན་ཕིང་གིས་གཟེངས་བསྟོད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

      མེས་རྒྱལ་ལ་གུས་འདུད་ཞུ་ཞེས་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་ནས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རེ་རེ་བཞིན་ལ་གཟེངས་རྟགས་གནང་བ་མ་ཟད་ཁོང་རྣམ་པར་མཛའ་བརྩེའི་ངང་ཕྱག་བཏང་ནས་སྨོན་འདུན་ཞུས་གནང་ཡོད།  སྐབས་དེར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།  ལོ་ཆུང་གདོང་ལེན་རུ་ཁག་གིས་བྱས་རྗེས་དཔེ་བཟང་མི་སྣ་རྣམས་ལ་མཚར་སྡུག་བཀྲ་བའི་མེ་ཏོག་སོས་པ་ཕུལ་ནས་གུས་བཀུར་ཞུ་ལུགས་མཚོན་པ་བྱས་ཡོད།

     ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས།  རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་དེ་རིང་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་དཔའ་བོ་དཔེ་བཟང་དང་།  མཛའ་གྲོགས་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་།  བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

     ཞི་ཅིན་ཕིང་གིས།  དེ་རིང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་མཁན་གྱི་ཕུལ་བྱུང་མི་སྣ་ཁྲི་སྟོང་མང་པོའི་སྐུ་ཚབ་ཡིན།  ཁོང་རྣམ་པའི་ལུས་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་ལྡན་པའི་ངང་མངོན་པ་དང་། ཁོང་རྣམ་པའི་བྱས་རྗེས་དང་ལེགས་སྐྱེས་ནམ་ཡང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འགོད་རྒྱུ་རེད་ཅེས་གསུངས་ཡོད།    

     ཞི་ཅིན་ཕིང་གིས།     དཔའ་བོ་དཔེ་བཟང་ལ་གཟེངས་བསྟོད་བྱ་རྒྱུར་ཏང་དང་རྒྱལ་ཁབ་ནས་སྔར་ནས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།    དེ་རིང་ང་ཚོས་ཚད་གཞི་མཐོ་ཤོས་ཐོག་ནས་དཔའ་བོ་དཔེ་བཟང་ལ་གཟེངས་བསྟོད་བྱེད་པ་ནི།   ཁོང་རྣམས་ཀྱི་ལུས་ཐོག་ནས་མངོན་པའི་ལྷག་བསམ་དང་།   སྙིང་རུས།   བབ་ཆགས་པ་བཅས་ཀྱི་བླ་ན་མེད་པའི་སྤྱོད་བཟང་དར་སྤེལ་གཏོང་ཆེད་ཡིན།  དཔའ་བོ་དཔེ་བཟང་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འགྱུར་མེད་དམ་བཅའ་འཇོག་པ་དང་།  དཀའ་ངལ་དང་བར་ཆད་མདུན་དུ་དཔའ་མི་ཞུམ་པར། ཏང་དང་མི་དམངས་ལ་དགོས་མཁོ་ཡོད་པའི་སྐབས་སུ་མདུན་དུ་མཆོངས་ཤིང་།   སྙིང་སྟོབས་ཆེན་པོས་བརྩོན་ལེན་གནང་བཞིན་ཡོད་པ་དང་།   སྤྱིར་བཏང་གི་ལས་གནས་ཐོག་རང་དོན་རྒྱབ་ཏུ་བསྐྱུར་ནས་ལས་དོན་སྒྲུབ་པ་དང་།   སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད།   ཁོང་རྣམ་པའི་ཁྲོད་ཀྱི་བློ་མཐུན་མང་པོ་ཞིག་གིས་རང་གི་མིང་ཡང་ཕྱིར་མི་གསུངས་པར།   གནམ་སར་གཡོ་འགུལ་ཐེབས་པའི་བྱས་རྗེས་ཆེན་པོ་འཇོག་གནང་མཛད་ཡོད་པས།   གཞན་དོན་ཁོ་ན་བསམ་པའི་བླ་མེད་མཐོ་ཚད་མངོན་ཡོད། བྱས་རྗེས་གཟེངས་རྟགས་ཐོབ་པའི་བློ་མཐུན་རྣམས་ཀྱིས་གཟི་བརྗིད་ལ་གཅེས་འཛིན་དང་། ཡང་འབད་བསྐྱར་འབད་བྱེད་པ་དང་།      འགྱུར་མེད་ཀྱི་དད་མོས་དང་།   དད་སེམས།  སེམས་ཤུགས་བཅས་ཀྱིས་མི་དེ་བས་མང་བར་ཤུགས་རྐྱེན་ཐེབས་ཐུབ་པའི་རེ་བ་ཡོད།   རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔའ་བོ་དཔེ་བཟང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཤིང་།   སྤྱི་ཚོགས་ཧྲིལ་པོས་དཔའ་བོར་དད་གུས་དང་དཔའ་བོར་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ།   ལག་ལེན་ངོ་མའི་ཐོག་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད།  

     ཞི་ཅིན་ཕིང་གིས།   དེ་རིང་། གཟེངས་བསྟོད་ཐོབ་པའི་ནང་ད་དུང་དུས་ཡུན་རིང་པོའི་ནང་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཡང་ཡོད།  ཁྱེད་རྣམས་ནས་ཀྲུང་གོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་གནང་བར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བརྒྱུད།   ང་ཚོའི་གོ་ལ་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པར་གཏོང་འདོད་ཡོད་ཅེས་གསུངས་གནང་ཡོད་པ་རེད།

      མཛད་སྒོའི་ཐོག    སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཧོང་ཞུས་ཧྭ་དང་།   མཛའ་གྲོགས་བྱས་རྗེས་གཟེངས་རྟགས་ཐོབ་མཁན་མ་ཧ་ཀྲ་ཁེ་ལི་ཧྲེ་ལིན་ཐུང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ཚབ་ཞུས་ནས་གཟེངས་རྟགས་ཐོབ་པའི་མྱོང་ཚོར་གསུངས་ཡོད་པ་རེད།

        གཟེངས་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས།   ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།

      པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།   རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁག་ཅིག  རྒྱལ་དོན་ཨུ་ཡོན།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁག་ཅིག     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

        ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་ཚན་པ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་།  རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ཁོང་རྣམ་པའི་ནང་མིའི་འཐུས་མི།  ཕྱག་ལས་གནང་སའི་ཚན་པའི་འཐུས་མི།    བརྒྱད་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན།    རྒྱལ་ཡོངས་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི།   འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་ཕོ་ཉ།   ལས་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་འཐུས་མི་སོགས་མི་༡༠༠༠ཙམ་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས།
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཆེ་གྲས་པེ་ཅིང་དུ་གཉེར་བ།
  • དོ་སྣང་ཆེ་བའི་རྩོམ།