མེས་རྒྱལ་ལ་འཕུལ་བའི་བསྟོད་དབྱངས།

ཉི་མ་དོན་གྲུབ།        2019-09-30

དགུང་ཨ་སྔོན་དབྱིངས་ཀྱི་གཡུ་འབྲུག་གི།

སྒྲ་སྙན་པོ་ས་གཞི་ཡོངས་ལ་ཁྱབ།།

རླབས་ཆེན་པོའི་ཀྲུང་གོ་གུང་ཁྲན་ཏང་།།

མཚན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།།

   ངོ་མ། ང་ཚོའི་མེས་རྒྱལ་ཀྲུང་གོ་འདི་ནི་སྔར་ནས་ད་བར་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ་མེས་རྒྱལ་དེའི་བདེ་སྐྱིད་ཀྱི་ཆེད་དུ་ཐ་ན་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་ཡང་གྲངས་ལས་འདས་པ་ཞིག་བྱུང་ཡོད།

སྔར་ནས་ད་བར་དུ་བཀའ་དྲིན་ལ་བསམས་ནས་དྲིན་ལན་འཇལ་རྒྱུ་ནི་བོད་རིགས་ཙམ་མ་ཟད་འཛམ་གླིང་གི་སྐྱེ་འགྲོ་ཡོད་ཚད་ཀྱི་བསམ་དོན་ཞིག་ཏུ་འགྱུར་ཡོད་དེ་བས་ཀྱང་མེས་རྒྱལ་གྱི་བཀའ་དྲིན་འཇལ་རྒྱུ་ནི་སྨོས་ཅི་དགོས། ཆུ་མོ་མར་འགྲོ་ཤིག་ཤིག། ཡར་འགྲོ་ཡིན་ན་བསམ་བྱུང་། བདག་གི་དྲིན་ཆེན་མ་ཡུམ། སྐུ་ཚེ་བརྟན་ན་བསམ་བྱུང་། ཞེས་པ་ལྟ་བུའི་བཀའ་དྲིན་འཇལ་རྒྱུའི་སྐོར་གྱི་ལེགས་བཤད་དང་སྙན་ངག་ནི་རང་རེ་བོད་ལ་ཤིན་ཏུ་ནས་མང་།

    ཨེ་མ། ང་ཡི་མེས་རྒྱལ། ང་ཡི་མེས་རྒྱལ་ཀྲུང་གོ་ལགས། འཛམ་གླིང་གི་གྲལ་མགོར་གནས་པའི་མ་ཡུམ་མེས་རྒྱལ། སྙན་གྲགས་འཛམ་གླིང་ཕྱོགས་བཞིར་ཁྱབ་པའི་མ་ཡུམ་མེས་རྒྱལ། སྟོབས་འབྱོར་མངའ་ཐང་རྒྱས་པའི་མ་ཡུམ་མེས་རྒྱལ། ཁྱེད་ནི་འཇིག་རྟེན་མེས་པོས་བསྐྲུན་པའི་གསར་སྐྱེས་ཀྱི་མེ་ཏོག་ལྡུམ་རྭ་ཞིག་དང་འདྲ་ལ་སློབ་བུ་བདག་ཚོ་ནི་མེ་ཏོག་ལྡུམ་རྭའི་ནང་གི་གསར་སྐྱེས་ཀྱི་མེ་ཏོག་དང་ཀུན་ནས་མཚུངས། ང་ཡི་སེམས་ནང་གི་མེས་རྒྱལ་ལགས། ཁྱེད་ནི་མི་རིགས་ང་དྲུག་སྐྱོང་མཁན་གྱི་ཁྱིམ་ཚང་ཆེན་པོའི་བདག་པོ་ཡིན་ལ་ཁྱེད་ཀྱི་བཀའ་དྲིན་ལས་མི་རིགས་རྣམས་ཕྱིའི་ཡུལ་གྲུ་གཞན་ལ་སྨོན་མི་དགོས་པའི་དམིགས་བསལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཕུལ་བྱུང་གི་རིག་གནས་ཤིག་ཀྱང་བྱུང་ཡོད་ལ་དེ་དག་ནི་ཡངས་ཤིང་རྒྱ་ཆེ་བའི་ལྡུམ་རྭའི་ནང་མེ་ཏོག་སྣ་བརྒྱའི་མཚར་སྡུག་ངོམས་པ་དང་ཀུན་ནས་མཚུངས་དེར་མ་ཟད་ཏང་གི་ཡང་དག་པའི་སྲིད་ཇུས་དང་གོང་རིམ་དབུ་ཁྲིད་ཀྱི་ཡང་དག་སྣེ་ཁྲིད་འོག་མི་རིགས་ཁག་གི་རིག་གནས་དང་སློབ་གསོ། དཔལ་འབྱོར་སོགས་གང་ཅིའི་ཐད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད། དེ་ཡང་ཤར་ངོས་སུ་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་དང་འདྲ་བའི་ལྕགས་རི་རིང་པོ་དང་ནུབ་ཕྱོགས་སུ་གཡུ་འབྲུག་སྔོན་མོས་ནམ་འཕང་གཅོད་པ་དང་འདྲ་བའི་མཚོ་བོད་ས་མཐོའི་སྟེང་གི་མེ་འཁོར་ནི་མེ་ཤུགས་འཕུར་མདའ་བསྐྱོད་པ་དང་གཉིས་སུ་མ་མཆིས།

   གལ་ཏེ་ང་རང་གླུ་པ་ཞིག་ཡིན་ཚེ་ངས་སྙན་འཇེབས་ལྡན་པའི་དབྱངས་རྟ་ལ་བརྟེན་ནས་ཁྱེད་ལ་བསྟོད་པར་བྱེད། གལ་ཏེ་ང་རི་མོ་བ་ཞིག་ཡིན་ན་ངས་དེ་བས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་ཁྱེད་ལ་བསྟོད་པ་བྱེད་སྲིད། གལ་ཏེ་ང་རང་རྩོམ་པ་པོ་ཞིག་ཡིན་ཚེ་ངས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་ཁྱེད་ལ་བསྟོད་པ་བྱ་རྒྱུ་ཡིན། གང་ལྟར་ནའང་ང་རང་སློབ་བུ་ཞིག་གི་ངོས་ནས་བཤད་ན་ངས་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་མ་འོངས་པར་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་བྱས་ནས་མ་ཡུམ་མེས་རྒྱལ་གྱི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ་ཡོད་ཚད་ཁྱེད་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ་དུས་ནམ་ཡང་ཁྱེད་ལ་བསྟོད་གླུ་ལེན་རྒྱུ་ཡིན་ནོ། །


  • ལེ་ཚན་སྔོན་མ།:ཏང་གི་བཀའ་དྲིན་དྲོ་སྐྱིད་ཉི་ཟེར་འདྲ།
  • ལེ་ཚན་རྗེས་མ།:མེས་རྒྱལ་ལ་བསྟོད་པའི་གླུ་དབྱངས་ལེན།