མ་ཡུམ་མེས་རྒྱལ།

བཀྲ་ཤིས་ཉི་མ།        2019-09-30

     བུ་ཕྲུག56སྐྱེ་འཕེལ་བྱུང་བའི་དྲིན་ཆེན་གྱི་སྐྱེས་མ། ཁྱེད་ནི་སྙན་གྲགས་ཀྱི་བ་དན་འཛམ་གླིང་གི་ཕྱོགས་བཅུར་ཁྱབ་པའི་རླབས་ཆེན་གྱི་བུད་མེད་ཅིག་ཡིན། སྐྱེས་འགྲོ་ཀུན་གྱིས་ཁྱེད་ལ་དད་ཅིང་ཁྱེད་ལ་ཆགས། དགུང་ལོ70ལ་ཕེབས་པའི་མ་ཡུམ་བགྲེས་སོང་ཁྱེད་ཀྱིས་དཀའ་ངལ་དུ་མ་སྤྱད་ནས་འཛམ་གླིང་གི་ཡང་རྩེར་བསྐྱོད། དེ་རིང་གི་མ་ཡུམ་ཞེས་པའི་ཐ་སྙད་དེ་ང་ཚོའི་མེས་རྒྱལ་ལ་དབང་བ་ལས་གཞན་སུ་ལའང་དབང་བ་མ་ཡིན། རླབས་ཆེན་གྱི་མེས་རྒྱལ། སྟོབས་ཤུགས་ཅན་གྱི་མེས་རྒྱལ། ལོ་ངོ་དུ་མའི་སྔོན་དུ་གཞན་གྱིས་བརྙས་བཅོས་དང་དམའ་འབེབས། མཐོང་ཆུང་བཅས་བྱེད་པའི་དུས་སྐབས། ཁྱེད་ཀྱིས་མགོ་མི་སྒུར་བར། སེང་དཀར་མོ་མལ་ནས་ལངས་ཏེ་ངར་སྐད་ཀྱིས་མུན་ནག་གི་གཉིད་ལས་སད་པ་དང་གཉིས་སུ་མ་མཆིས། ལོ་ངོ་མང་པོ་དགུན་ཉལ་བརྒྱབ་ནས་བསྡད་པའི་སྐབས་སུ་མི་རིགས་གཞན་ལྐོག་ཏུ་མདུན་དུ་བསྐྱོད་ཟིན། སེང་དཀར་མོ་ཡར་ལངས་མ་ཐག་གཞི་ནས་རང་ཉིད་རྗེས་ལུས་ཡིན་པ་ཤེས་ནས་མདུན་དུ་སྐྱོད་འགོ་བརྩམས། སེང་དཀར་མོས་རང་ཉིད་རྗེས་ལུས་ཡིན་པ་དང་ལེན་མ་བྱས་པར་སྙིང་སྟོབས་དང་སྤོབས་པ་ཞིག་ཁྱེར་ནས་གཞན་དང་འགྲན་རྩོད་བྱེད། དེ་ནས་ཧི་མ་ལ་ཡའི་རི་རྒྱུད་ཙམ་དུ་སླེབས་ཡོད་སེང་དཀར་མོས་སླར་ཡང་ཧི་མ་ལ་ཡའི་རི་རྩེར་སྐྱོད་པའི་བསམ་བློ་ཞིག་ཡོད་དེ་ནི་ཁོ་པའི་ཕུགས་བསམ་ཡིན་ཡང་ཆོག ཡར་བལྟས་པ་ན་སྲོག་ཆགས་མང་པོ་མེད་པ་དང་མར་བལྟས་པ་ན་སྲོག་ཆགས་དུ་མ་རང་གི་རྒྱབ་ཏུ་ཡོད་པ་མཐོང་། རྒྱབ་ཏུ་ཡོད་པའི་ཨ་ཁུ་རི་བོང་གིས་ཀྱང་སེང་དཀར་མོར་སྔགས་བརྗོད་ཚད་མེད་བྱེད་བཞིན་འདུག་ལ་དེ་བས་ཀྱང་གཟུགས་སྟོབས་ཆེ་བའི་གླང་པོ་ཆེ་སྤུ་མེད་ཀྱིས་ཀྱང་སེང་དཀར་མོར་ཕྲག་དོག་དང་དད་མོས་བྱེད་བཞིན་འདུག སྲོག་ཆགས་ཡོད་དོ་ཅོག་གི་སེང་དཀར་མོ་ཡི་སྙིང་སྟོབས་དང་ལ་རྒྱ་ལ་ཧ་ལས་ཧང་སངས་ནས་བསྡད་པའི་སྐབས་སུ། སེང་དཀར་མོས་གོམ་པ་གཅིག་མགྱོགས་སུ་སྤོས་ནས་རིར་འཛེགས་ནས་བསྐྱོད། དེ་དང་འདི་འདྲ་བའི་བླ་ན་མེད་པའི་སྙིང་སྟོབས་ཞུམ་པ་མེད་པའི་སྤོབས་པ་དེ་ང་ཚོའི་མེས་རྒྱལ། ང་ཚོའི་མེས་རྒྱལ་གྱི་སྟེང་དུ་མངོན་ཡོད་འཛམ་གླིང་གི་ཡང་རྩེར་སླེབས་པའི་མེས་རྒྱལ་ཀྲུང་གོ་ཚང་མས་ཁྱེད་ལ་ལག་གཉིས་མགོ་བོའི་འགྲམ་དུ་བཏེགས་ཏེ་ཚ་ཚ་འུར་འུར་གྱི་དགའ་བསུ་བྱས་ནས་ལག་པ་གཉིས་དམར་པོར་འགྱུར་ལ་སྐད་སྙན་ཁུ་བྱུག་འདྲ་བའི་གླུ་པ་གླུ་མས་ཀྱང་སྐད་གསང་མཐོན་པོས་ཁྱོད་ཀྱི་ཕྱོགས་སུ་བསྟོད་གླུ་ལེན། ཁྱེད་ཀྱིས་སྔར་མུས་བཞིན་དམའ་ས་བཟུང་ནས་སྟེགས་བུའི་འོག་ཏུ་ཡོད་པའི་མི་རྣམས་ལ་འཛུམ་མདངས་ཤིག་མངོན་པ་ལས་བརྗིད་ཉམས་གང་ཡང་མི་སྟོན། ང་ཚོས་ནམ་ཡང་ཁྱེད་ལ་གུས་ཤིང་ཁྱེད་ལ་དགའ་ང་ཡི་མེས་རྒྱལ་ཀྲུང་གོ དགུང་ཨ་སྔོན་མཐོན་མཐིང་གི་སྟེང་དུ་གནམ་གྲུར་བསྡད་ནས་མགོ་བོ་མར་བལྟས་ཚེ་ཁྱེད་འདྲ་བའི་མེས་རྒྱལ་གྱིས་ས་གཞི་དེར་རྟ་བདུན་དབང་པོའི་ཚ་ཟེར་གྱི་ཉི་འོད་འཕྲོ་ཞིང་དཔྱིད་རླུང་སིལ་སིལ་ལྡང་བའི་དུས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

  • ལེ་ཚན་སྔོན་མ།:གོམ་པ་རིམ་བགྲོད་ཀྱི་ལམ་བུ་ཀྱག་ཀྱོག
  • ལེ་ཚན་རྗེས་མ།:ཏང་གི་བཀའ་དྲིན་དྲོ་སྐྱིད་ཉི་ཟེར་འདྲ།