ཁུ་བྱུག་གྲགས་དུས།

གསེར་ཀུན་དགའ།        2019-09-27

    ཁུ་བྱུག་གྲག་དུས། བདག་གི་ཕ་ཡུལ་ལ་སྔོ་ལྗང་གི་མྱུ་གུ་གསར་བ་ཞིག་འབུས་ཏེ་རྩྭ་ཐང་དང་། ནགས་རི། སྤང་རི། ཆུ་ཀླུང་སོགས་རི་ལུང་ཐམས་ཅད་གཡུ་ཡི་ཐང་མ་ཡུག་གཅིག་ཏུ་བརྡལ། ཁུ་བྱུག་གྲག་དུས། བདག་གི་ཕ་ཡུལ་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་ཞིག་རྒྱས་ཏེ་བེའུ་ཆུང་དང་། ལུ་གུ རྟ་མཆོག་སོགས་སྤྲོ་སྣང་གིས་ཕྱུར་བུར་གཏམས་ནས་གང་ས་རུ་རྩེད་ལྡིང་བྱེད།

    རྫ་ཁའི་གོང་མོ་དང་ནགས་ཀྱི་སྤྲེའུ། ཁུག་རྟ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་རི་ལུང་ཐང་གསུམ་བརྒྱུད་ནས་ཁུ་བྱུག་ལ་བསུ་མ་བྱེད་དུ་ཐོན། ཉི་མར་འདའ་བའི་ཨ་མ་རྒན་མོ་དང་། ནོར་རྗེས་ཀྱི་རྫི་བོ། སྦྲ་མཐའི་བྱིས་པ་རྣམས་ཀྱང་མཉམ་གཅིག་ཏུ་འཇམ་ཇག་གེར་རྣ་བ་བླགས་ཏེ་ཁུ་བྱུག་གི་གསུང་སྐད་ལ་གཟབ་ཀྱིས་ཉན། ཨ་ཕ་དང་ཕུ་བོ་གཉིས་ཀྱིས་སྒྲ་སྡུད་འཕྲུལ་ཆས་དང་། ཁ་པར་སོགས་ཁྱེར་ནས་ཁུ་བྱུག་གི་གསུང་སྐད་སྒྲ་རུ་བླངས། རྣམ་པ་འདི་ནི་ལྷ་ཆེན་པོས་གནམ་འོག་ལ་ལྷ་ཡི་སྐད་དང་ཀླུ་ཡི་སྐད། མི་ཡི་སྐད་དུ་བཀའ་ཆེན་པོ་སྩོལ་བར་སྟ་གོན་བྱེད་པ་དང་ཨ་ན་མ་ན་རེད།

    ཁུ་བྱུག་གྲག་དུས། ཕ་ཡུལ་གྱི་མི་རྣམས་ཀྱིས་མིག་ཀོང་འཛུམ་གྱིས་གང་ཞིང་སོ་ཁ་དུང་ལྟར་གཉེར་ཏེ། དངོས་ཡོད་འཚོ་བ་ལ་སྤྲོ་བ་དང་བཅས་ཏེ་ཟབ་འཇུག་བྱེད། རྒྱང་ནས་ཡོང་བའི་མགྲོན་པོ་ལའང་ཐོག་མར་ཁྱེད་ཀྱིས་ཁུ་བྱུག་གི་གསུང་སྐད་ཨེ་ཚོར་ཞེས་འདྲི་སྲིད། རྣམ་པ་འདི་ནི་ཁུ་བྱུག་གིས་མི་རྣམས་ལ་ལོ་གཅིག་གི་བྱ་བ་དེ་བཀོད་བསྒྲིགས་བྱས་པ་དང་གཉིས་སུ་མེད།

    ད་དུང་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁུ་བྱུག་གི་འཕུར་ལྡིང་ལ་བལྟས་ཏེ་ནམ་ཟླའི་བཟང་ངན་བརྟགས་སྲིད། ཁུ་བྱུག་གི་རྔ་སྒྲོ་འཕྲེད་དུ་གཡུག་ཚེ། དེ་ནི་འབྲོག་པའི་ཕྱུར་བ་བརྡལ་དཀྲུག་བྱེད་པ་དང་འདྲ་བས་ལོ་དེར་འབྲོག་སྦྲ་གུར་ཅན་ལ་སྐལ་བ་ཡག་ཅེས་དང་། ཡང་ཁུ་བྱུག་གི་རྔ་སྒྲོ་གྱེན་དུ་གཡུག་ཚེ། དེ་ནི་རོང་པས་འབྲུ་ནས་བཀྲབ་པ་དང་མཚུངས་པས་ལོ་དེར་རོང་ཤིང་སྒོ་ཅན་ལ་སྐལ་བ་ཡག་ཅེས་བརྗོད། ཡང་ཁུ་བྱུག་གི་དགོད་སྒྲ་སྒྲོག་ན་ཆར་འབབ་པའི་རྟགས་དང་། ཁུ་བྱུག་གི་གསུང་སྐད་ནམ་རྒྱུན་ལས་སྙན་པར་སྒྲོག་ན་གནམ་ཐང་པའི་དོད་དུ་བཤད།

    དེ་ལྟར། ཁུ་བྱུག་གྲགས་པ་ནས་བཟུང་། ངའི་ཕ་ཡུལ་གྱི་མི་རྣམས་ལ་ད་གཟོད་བཀོད་སྒྲིག་གསར་བ་དང་། དམིགས་ཡུལ་གསར་བ། ཁ་ཕྱོགས་གསར་བ་ཡོད་སོང་།

    ཀྭ་ཡེ་ཁུ་བྱུག་ལགས། ཁྱེད་ནི་སུ་ཞིག་ཡིན། ཡང་ན་ཁྱེད་ནི་གླིང་བཞིའི་ཁྱོན་གྱི་ས་སྐྱོང་སུ་ཞིག་གིས་མངགས་པའི་ཕོ་ཉ་ཆུང་ཆུང་དེ་ཡིན། ངག་རྒྱུན་ལྟར་ན། ཁྱེད་ནི་ཤིང་གི་ལྷ་མོས་འཇིག་རྟེན་འདིའི་རྩི་ཤིང་ཐམས་ཅད་ལ་མཛེས་སྡུག་སྤྲས་ཆེད་དུ་རྒྱང་རིང་ནས་མངགས་པའི་ལྷའི་གཉེར་བུ་དེ་རེད་ཟེར། ཡང་སྙན་ངག་མང་པོའི་གླེགས་བམ་ན། ཁྱེད་ནི་དཔྱིད་ཀྱི་དཔལ་མོ་མི་ཡུལ་ལ་སླེབས་པ་དང་མཉམ་དུ་དེའི་མཛེས་པ་མ་ལུས་ཕྱོགས་ཀུན་ཏུ་སྒྲོག་མཁན་གྱི་དཔྱིད་ཀྱི་ཕོ་ཉ་དེ་རེད་ཟེར།

ཡང་ན་ཁྱེད་ནི་རི་ལུང་ཐམས་ཅད་ལ་ལྗང་མདོག་གི་ཁུ་བླུད་ནས་རྟ་ནོར་ལུག་གསུམ་ལ་ཤ་ཤེད་བླ་ལྷག་རྒྱས་པའི་སྐབས་དེར་སླེབས་པས། མི་རྣམས་ཀྱིས་ཁྱེད་ལ་ལྷ་བྱ་ཞེས་འབོད་པ་ཡིན་ནམ། ངའི་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁྱེད་ཉིད་ལྷོ་ཕྱོགས་མོན་ནས་འོང་ཞིང་སླར་ཡང་མོན་ཡུལ་དུ་ཆས་འགྲོ་ཟེར། ངའི་ཕ་ཡུལ་ན་ཁྱེད་རང་སུ་ཞིག་གིས་མངགས་ཤིང་ཅི་ཞིག་གི་ཆེད་དུ་མངགས་པ་ཡིན་ཤེས་མཁན་མེད་ནའང་། ཁྱེད་ཀྱིས་ཁྱེར་བའི་དཔྱིད་དཔལ་ལ་རོལ་ཞིང་རྟ་ལ་དྲངས་པའི་འགྱུར་ཁུག་གིས་བཟི་མ་མྱོང་བའི་སེམས་ཅན་སུ་ཞིག་ཡོད།

    དེའི་ཕྱིར་ན། ཁྱེད་ཉིད་གྲགས་པས། ངའི་ཕ་ཡུལ་གྱི་མི་རྣམས་མ་རིག་པའི་གཉིད་ལས་རྨང་ནས་དཀྲོགས། ཁྱེད་ཉིད་སླེབས་པས། ངའི་ཕ་ཡུལ་གྱི་རི་ལུང་ཐམས་ཅད་གཡུ་མདོག་གི་ཁེབས་མ་ཡུག་གཅིག་ཏུ་བརྡལ། ཁྱེད་ཉིད་མཐོང་བས། ངའི་ཕ་ཡུལ་གྱི་པང་དུ་སྐྱིད་ཉལ་བྱེད་པའི་རྟ་ནོར་ལུག་གསུམ་ལ་ཤ་ཤེད་ཤིན་ཏུ་རྒྱས།

    མདོར་ན། ཁྱེད་ནི་དུས་ནམ་ཡང་བདག་གི་ཕ་ཡུལ་ལ་བདེ་སྐྱིད་དང་། མཛེས་པ། བག་ཕེབས། ལྷོད་འཇམ། སྙན་འཇེབས་ཁོ་ན་སྐྱེལ་མཁན་ཡིན་པས། ཁྱེད་ནི་ངའི་ཕ་ཡུལ་གྱི་མི་ནོར་འཁོར་བཅས་ཀྱི་དར་ལུང་རྒྱུད་ན་དུས་ནམ་ཡང་འཇགས་པ་མེད་པའི་ཚངས་པའི་རྒྱུད་སྐུད་སྙན་མོ་དེ་དང་། བདག་གི་སྨྱུག་རྩེ་ན་གནས་གང་དུ་ཡང་ལྷུག་པར་རྩེན་པའི་བྲིས་མི་ཚར་བའི་ཡིག་འབྲུ་རྡོག་གཅིག་དེ་ཡིན།།

  • ལེ་ཚན་སྔོན་མ།:ཀྲུང་ཧྭ་གསར་བ། འཕེལ་རྒྱས་གསར་བ།
  • ལེ་ཚན་རྗེས་མ།:གོམ་པ་རིམ་བགྲོད་ཀྱི་ལམ་བུ་ཀྱག་ཀྱོག