བོད་སྐད་ཡིག་གི་སློབ་ཐུན་ཟིན་བྲིས་འགོད་སྟངས་རགས་ཙམ་གླེང་བ།

རིན་ཆེན་རྡོ་རྗེ།        2019-09-25

    བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཞིག་ལ་ཆ་མཚོན་ན་སློབ་ཐུན་ཟིན་བྲིས་འགོད་རྒྱུ་དང་དེ་ཡང་དག་པ་དང་ཆ་ཚང་བ།སློབ་སྦྱོང་ལ་ཕན་འདོགས་ཐུབ་པ་ཞིག་འགོད་ཤེས་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ཤིན་ཏུ་གལ་ཆེ་བའི་བྱ་འགུལ་ཞིག་རེད།དེ་ནི་སློབ་སྦྱོང་གི་ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བའི་སློབ་སྦྱོང་བྱ་ཚུལ་ཞིག་ཀྱང་རེད།

    དང་པོ། སློབ་ཐུན་ཟིན་བྲིས་ཀྱི་གོ་དོན།

    སློབ་ཐུན་ཟིན་བྲིས་ནི་སློབ་མས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་ནང་དོན་གྱི་གཙོ་གནད་དང་དཀའ་གནད་རྣམས་མི་བརྗེད་ཅིང་བློ་རུ་ངེས་ཕྱིར་ཡིག་ཐོག་ཏུ་ཕབ་པ་དེ་ལ་ཟེར།དེ་ནི་སློབ་མས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པའི་བརྒྱུད་རིམ་དུ་ནང་དོན་གྱི་དཀའ་གནད་དང་གཙོ་གནད།དོགས་གནད་རྣམས་ཟིན་བྲིས་སུ་ཕབ་པའི་སློབ་སྦྱོང་གི་རྣམ་པ་ཞིག་ཡིན།སློབ་ཐུན་དུ་སློབ་སྦྱོང་བྱེད་པའི་གལ་ཆེ་བའི་ཐབས་ལམ་ཞིག་ཀྱང་ཡིན།དེ་མིན་སློབ་ཐུན་ཟིན་བྲིས་ནི་སློབ་མ་རྣམས་ལ་དགེ་རྒན་གྱིས་མཛུབ་སྟོན་འོག་སློབ་ཐུན་གྱི་དཀའ་གནད་དང་གཙོ་གནད།དོགས་གནད་རྣམས་འཚོལ་རྙེད་དང་དབྱེ་ཞིབ།ཐག་གཅོད་བྱེད་པའི་བསམ་བློ་བརྒྱུད་རིམ་ཞིག་ཀྱང་ཡིན།

    གཉིས་པ། སློབ་ཐུན་ཟིན་བྲིས་འགོད་པའི་ཕན་པ།

    ༡ སློབ་མས་སློབ་ཐུན་དུ་བློ་རྩེ་གཅིག་ཏུ་སྒྲིལ་ནས་ཉན་ཐུབ་པ་ལ་ཕན་པ།

    ༢ སློབ་མས་སློབ་ཐུན་གྱི་ནང་དོན་རྣམས་བློ་རུ་ངེས་ཐུབ་པ་ལ་ཕན་པ།

    ༣ སློབ་མས་སླར་ཡང་སློབ་སྦྱོང་དང་བསྐྱར་སྦྱོང་།རྒྱུགས་ལེན་སོགས་ལ་སྟབས་བདེར་བསྐྲུན་པར་ཕན་པ།

    ༤ སློབ་མ་རྣམས་ལ་སྦྱངས་ཟིན་པའི་ཤེས་ཡོན་གྱི་སྒྲོམ་གཞི་ཞིག་མཁོ་སྤྲོད་བྱས་ནས་སླར་ཡང་ནང་དོན་གསར་པ་ལ་དང་ལེན་དང་སྦྲེལ་མཐུད་བྱེད་ཐུབ་པ་ལ་ཕན་པ།

    གསུམ་པ། སློབ་ཐུན་ཟིན་བྲིས་འགོད་སྐབས་སློབ་མས་དོ་སྣང་བྱེད་དགོས་པའི་ནང་དོན།

    སློབ་ཐུན་ཟིན་བྲིས་ནི་སློབ་ཐུན་གྱི་ནང་དུ་སློབ་མའི་རྣ་བས་ཐོས་པའི་དགེ་རྒན་གྱི་སྐད་ཆ་དང་།མིག་གིས་མཐོང་བའི་ནག་པང་ངམ་སྨྱན་མང་གཟུགས་སྟེང་གི་ནང་དོན།དེ་མིན་སློབ་མ་རྣམས་ཀྱིས་རང་བློར་འཆར་བའི་བསམ་བློའི་བརྡ་འཕྲིན་རྣམས་མཉམ་དུ་གོ་བདེར་བཏང་ནས་འགོད་དགོས་པ་དེ་རེད།སློབ་ཐུན་ཟིན་བྲིས་ནི་སློབ་ཐུན་གྱི་འགོ་ནས་མཇུག་བར་དུ་སློབ་མ་རྣམས་ཀྱིས་རང་གི་མིག་དང་རྣ་བ།ལག་པ་དང་བློ་སེམས་བཅས་མཉམ་དུ་འགུལ་སྤྱོད་བྱེད་དགོས་པའི་སློབ་སྦྱོང་གི་བྱ་འགུལ་གལ་ཆེ་ཞིག་རེད།

    བཞི་པ། སློབ་ཐུན་ཟིན་བྲིས་ཀྱི་རྩ་བའི་ནང་དོན།

    གཙོ་བོར་སློབ་ཐུན་གྱི་ནང་དུ་དགེ་རྒན་གྱི་པང་ཡིག་ཇུས་འགོད།དཀའ་གནད་དང་གཙོ་གནད།ནང་དོན་ཕྱོགས་བསྡུར་དང་ཕྱོགས་སྡོམ།དཔེ་མཚོན་གྱི་མཚན་གཞི་དང་དཔེ་མཚོན་གྱི་སྦྱོང་གཞི་དང་དེའི་ལན་འདེབས་ཚུལ།ཁ་གསབ་ཀྱི་ནང་དོན།སློབ་ཁྲིད་ཀྱི་བསམ་ལམ།སློབ་ཁྲིད་ཉན་སྐབས་ཀྱི་དོགས་གནད།བསམ་ཚུལ་དང་ཚོར་སྣང་སོགས་ཡིན།

    ལྔ་པ། སློབ་ཐུན་ཟིན་བྲིས་ཀྱི་དབྱེ་བ།

    ༡ གཙོ་གནད་ཕབ་བཤུས་བྱེད་པའི་རིགས།

    ༢ ནང་དོན་ཁ་གསབ་བྱེད་པའི་རིགས།

    ༣ རྟགས་དང་མཆན་དཔྱད་འགོད་པའི་རིགས།

    ༤ དོན་གནད་ཕྱོགས་བསྡུར་བྱེད་པའི་རིགས།

    དྲུག་པ། སློབ་ཐུན་ཟིན་བྲིས་དངོས་སུ་འགོད་པའི་བརྒྱུད་རིམ།

    རང་རེ་བོད་ཀྱིས་བྱ་བ་གང་ཞིག་བསྒྲུབས་ཀྱང་སྦྱོར་དངོས་རྗེས་གསུམ་ཞེས་པ་རིགས་པའི་གཞུང་ལུགས་དང་ཚན་རིག་དང་མཐུན་པའི་བརྒྱུད་རིམ་ཞིག་ཡོད་ལ།ཁྱད་པར་དུ་དེང་སྐབས་སློབ་ཐུན་མང་པོ་དང་སྦྱངས་ཚན་མཉམ་འཛོམས་ཅན།སྤུས་ཚད་ཆེ་ཞིང་ཤེས་རིག་སྣ་མང་ཚོགས་པའི་དེང་རབས་སློབ་ཁྲིད་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཐུན་དུ་དགེ་རྒན་རྣམ་པས་དེ་ལས་ཀྱང་གོ་རིམ་ལྡན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཐུན་གྱི་ཟིན་བྲིས་ཡང་དག་པར་འགོད་པ་ལ་མཛུབ་སྟོན་བྱ་དགོས་པ་ནི་སློབ་ཁྲིད་ཀྱི་གལ་ཆེ་བའི་བརྒྱུད་རིམ་ཞིག་ཀྱང་ཡིན།

    ༡ སྦྱོར་བ་སློབ་ཐུན་སྔོན་གྱི་ཟིན་བྲིས་འགོད་སྟངས།

    སྦྱོར་བ་ནི་སློབ་ཁྲིད་དངོས་སུ་མ་ཚུགས་གོང་དུ་སློབ་མས་གྲ་སྒྲིག་བྱེད་པ་ལ་ཟེར།སློབ་མའི་སེམས་སུ་དགེ་རྒན་གྱི་སློབ་ཁྲིད་ཀྱི་ནང་དོན་དེ་ཤེས་འདོད་ཀྱི་བློ་སེམས་བཅངས་བ་དང་འཁྲིད་བྱའི་ནང་དོན་དེ་ལ་རང་གིས་སྔོན་དུ་སྔོན་སྦྱོང་བྱས་ནས་དོན་རྟོགས་དཀའ་བ་ལ་རྟགས་རྒྱག་པ་དང་ཐ་སྙད་གོ་དཀའ་བ་རྣམས་རང་མོས་ཀྱིས་ཚིག་མཛོད་དུ་འཚོལ་བ་སོགས་ལ་གོ།མདོར་ན་སྔོན་སྦྱོང་དུ་རང་གི་མ་ཤེས་ཤིང་དོན་གོ་དཀའ་མོ་རྣམས་དང་ཐེ་ཚོམ་རྣམས་ཟིན་བྲིས་ཕབ་ནས་རྗེས་སུ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དུས་སུ་དངོས་སུ་ཐེ་ཚོམ་གཅོད་ཨེ་ཐུབ་ལྟོས་དགོས་པ་དེ་ཡིན།སློབ་ཐུན་སྔོན་དུ་སྔོན་སྦྱོང་གི་ཟིན་བྲིས་འགོད་དུས།དང་པོ་སློབ་ཚན་འགོ་ནས་མཇུག་བར་དུ་རང་ཉིད་ཀྱིས་གཟབ་ནན་གྱིས་ཀློག་དགོས་པ་དང་།ཐ་སྙད་གོ་དཀའ་བ་རྣམས་ཚིག་མཛོད་དུ་འཚོལ་བ།ཚིག་བརྗོད་གོ་དཀའ་བ་རྣམས་ལ་རྟགས་སྦྱར་བ།གཉིས་པ་ནི་སློབ་ཚན་གྱི་རྩ་བའི་ནང་དོན་ནམ་བསམ་བློའི་གཙོ་དོན་རང་གིས་ཕྱོགས་བསྡུས་ཙམ་བྱ་ཨེ་ཐུབ་ལྟ་རྒྱུ་དང་།གསུམ་པ་ནི་སློབ་ཚན་གྱི་དཀའ་གནད་དང་ཐོགས་གནད་སོགས་ལ་དྲི་བ་བཏོན་ནས་ཕྱིས་སུ་དགེ་རྒན་གྱིས་དངོས་གཞི་སློབ་ཁྲིད་ཚོགས་སྐབས་སྒྲོ་འདོགས་ཆོད་ཨེ་ཐུབ་ལྟ་རྒྱུ་དེ་ཡིན།

    ༢ སློབ་ཐུན་དངོས་གཞི་ཚོགས་སྐབས་ཀྱི་ཟིན་བྲིས་འགོད་སྟངས།

    དངོས་ནི་སློབ་ཁྲིད་དངོས་གཞི་ཚོགས་པའི་སྐབས་སུ་སློབ་ཐུན་ཟིན་བྲིས་འགོད་པ་ལ་ཟེར།དེ་ནི་སློབ་ཐུན་ཟིན་བྲིས་ཀྱི་ཆེས་གལ་ཆེ་བའི་ཆ་རེད།སློབ་ཐུན་སྐབས་ཀྱི་དུས་ཚོད་ནི་སློབ་སྦྱོང་བྱེད་སྐབས་ཆེས་གལ་འགངས་ཆེ་བའི་དུས་ཚོད་ཡིན།སྐབས་འདི་དམ་པའི་གསུང་སྒྲོས་ལས་སྣོད་ཀྱི་སྐྱོན་གསུམ།དྲི་མ་དྲུག།མི་འཛིན་པ་ལྔའི་སྐྱོན་སོགས་སྤངས་ནས།མདོར་ན་ལུས་ངག་ཡིད་གསུམ་དེ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་ཁྲིད་ལ་ཉན་དགོས།དགེ་རྒན་གྱི་སློབ་ཁྲིད་ཀྱི་རིག་ལམ་དང་བསྟུན་ནས་རྣམ་དཔྱོད་བློ་གྲོས་ཀྱིས་སློབ་ཁྲིད་ཀྱི་རྣམ་པར་ཞིབ་མོ་བློས་དཔྱོད་དགོས་པ་དང་།དགེ་རྒན་གྱི་དྲི་བ་ལ་ལན་འདེབས་མང་པོ་བྱ་དགོས།བོད་སྐད་ཡིག་གི་སློབ་ཐུན་དུ།སློབ་མས་ཕྱོགས་གཅིག་ཏུ་གཟབ་ནན་གྱིས་ཉན་པ་དང་ཕྱོགས་གཅིག་ཏུ་ཟིན་བྲིས་ཕབ་དགོས།ཟིན་བྲིས་ཀྱང་སྦྱོང་བ་སྔོན་དུ་སྔོན་སྦྱོང་བྱེད་པའི་སྐབས་ཀྱི་ཟིན་བྲིས་དང་མུ་མཐུད་ནས་ཕབ་དགོས།ཟིན་བྲིས་ཕབ་པའི་དུས་སུ་དོ་སྣང་བྱ་དགོས་ས་གཉིས་ཡོད།གཅིག་ནི་དགེ་རྒན་སློབ་འཁྲིད་བྱེད་པ་དང་སློབ་མས་ཉན་ནས།སློབ་ཁྲིད་ཚར་རྗེས་སུ་ད་གཟོད་ཟིན་བྲིས་པ།ཡང་ན་བློར་ངེས་དགོས་པའི་ནང་དོན་དགེ་རྒན་གྱིས་ནང་པང་གི་སྟེང་དུ་བྲིས་ནས་སློབ་མ་རྣམས་ལ་དཔོད་དུ་བཅུག་མི་རུང་།དེ་ནི་ཅུང་ཙམ་ཕྱིས་སོང་བས་དགོས་དོན་རྣམས་ཇི་བཞིན་དུ་བློར་ངེས་མི་ཐུབ་པ་དང་དུས་ཚོད་ཀྱང་མང་པོ་འཕྲོག་བརླག་གཏོང་རྒྱུ་རེད།གཉིས་ནི་སློབ་མས་དགེ་རྒན་གྱིས་ཅི་བཤད་པ་ཚང་མ་ཇི་བཞིན་དུ་ཟིན་བྲིས་སུ་ཕབ་མི་རུང་།ཟིན་བྲིས་ཐོག་མར་ཕབ་དུས་སློབ་མ་རྣམས་ལ་ཅུང་དཀའ་ཡང་གཟའ་འཁོར་འགའི་རྗེས་སུ་ཕལ་ཆེ་གོམས་ཐུབ་པས་དང་ཐོག་མར་དགེ་རྒན་ཀྱང་ཟིན་བྲིས་སུ་ཕབ་དགོས་པའི་ནང་དོན་རྣམས་ཅུང་དལ་བུར་འཆད་དགོས་པ་རེད།མངོན་བརྗོད་དང་བརྡ་རྙིང་།མིང་གི་རྣམ་གྲངས་སོགས་མཆན་དང་བཅས་པ་ཟིན་བྲིས་སུ་ཕབ་དགོས།དེ་མིན་སློབ་ཚན་གྱི་ཁ་བྱང་གི་དཔྱོད་དོན།རྩོམ་པ་པོའི་ངོ་སྤྲོད།རྩོམ་འབྲིའི་རྒྱབ་ལྗོངས།རྩོམ་ཡིག་གི་གྲུབ་ཆ།རྩོམ་སྟངས་དང་རྩོམ་ལུས།རྩོམ་འབྲིའི་ཤེས་བྱ།སྙན་ངག་སློབ་ཚན་ཡིན་ན་དེའི་ནང་གསེས་ཀྱི་ཁོངས་རྟོགས་དང་མཚན་ཉིད།དབྱེ་བ་དཔེ་བརྗོད།སུམ་ཅུ་པ་ཡང་མཚན་ཉིད་དང་དབྱེ་བ།སྒྲ་དོན་གྱི་འཇུག་ཚུལ།དཔེར་བརྗོད།བསླབ་བྱ་རྩོམ་ཡིག་ཡིན་ན་ཡང་དེའི་བསྟན་དོན།ལོ་རྒྱུས་སྐོར་གྱི་རྩོམ་ཡིག་ཡིན་ན་དེའི་ལོ་ཚིགས་དང་བསྟུན་ནས་མི་སྣ་གཙོ་བོ་གང་གིས་བྱ་བ་རླབས་ཆེན་ཅི་བསྒྲུབས་ཡོད་པ་སོགས་སློབ་ཚན་གྱི་རྩོམ་ལུས།རྩོམ་སྟངས་མི་འདྲ་བ་ལ་བསྟན་ནས་ཟིན་བྲིས་ཀྱང་དེའི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་ཕབ་དགོས།

    ༣ རྗེས་སློབ་ཁྲིད་ཟིན་པའི་རྗེས་ཀྱི་ཟིན་བྲིས་འགོད་སྟངས།

    མཐའ་མ་རྗེས་ནི་སློབ་ཁྲིད་ཟིན་པའི་རྗེས་སུ་སྔོན་གྱི་སྔོན་སྦྱོང་དང་སློབ་ཐུན་གྱི་ནང་དུ་ཕབ་པའི་ཟིན་བྲིས་རྣམས་སླར་ཡང་ལེགས་སྒྲིག་བྱེད་པ་དེ་ཡིན།སློབ་ཁྲིད་ཚར་རྗེས་རང་གི་སློབ་ཁྲིད་ལ་ཉན་པའི་ནང་དོན་གྱི་ཟིན་བྲིས་ཕབ་མ་ཚར་བ་དང་ཕབ་ཀྱང་དོན་དག་ཡོངས་སུ་མ་ཚང་བ་རྣམས་སློབ་ཐུན་གྲོལ་རྗེས་སླར་ཡང་རང་གི་ཟིན་བྲིས་ལ་ཕྱོགས་བསྡུས་དང་དབྱེ་ཞིབ་བྱེད་ནས་ལེགས་སྒྲིག་བྱེད་པ་དེ་ལ་ཟེར།དེ་ཡང་སློབ་ཚན་དུ་རང་གི་དོགས་གནད་རྣམས་སྒྲོ་འདོགས་གཅོད་ཚར་བ་རྣམས་གསབ་ཕབ་བྱེད་དགོས་པ་དང་།དེ་མིན་སློབ་ཚན་འཁྲིད་ཚར་རྗེས་རང་ཉིད་ཀྱི་བསམ་བློའི་མྱོང་ཚོར་ཡང་ཅུང་ཟད་བྲིས་དགོས།དེ་མིན་སློབ་ཚན་ནང་གི་གལ་ཆེ་བ་དང་སྙན་པའི་ཚིག་སྦྱོར་དང་དཔེ་རྒྱན།རབ་རྟོག་གཟུགས་རྒྱན།གཏམ་དཔེ་དང་དཔེ་ཆོས།མངོན་བརྗོད་དང་ཞེ་ཚིག་སོགས་ཀྱང་རང་གིས་འཚོལ་ནས་ཕབ་བསྡུས་བྱ་དགོས།སློབ་ཚན་ལ་ཡང་ད་དུང་དུས་ཚོད་ཡོད་ན་བཀླགས་རྗེས་ཟིན་ཐོ་ཐུང་ངུ་རེ་འབྲི་རུ་བཅུག་དགོས།ཟིན་བྲིས་ཀྱང་ལས་བྱའི་ཚུལ་དུ་དགེ་རྒན་གྱིས་གཟབ་ནན་གྱིས་དག་བཅོས་དང་ཞིབ་བཤེར་བྱེད་དགོས།དེ་ལྟར་བྱས་ན་དགེ་རྒན་གྱིས་སློབ་མས་བོད་སྐད་ཡིག་གི་བསླབ་གཞི་འདིའི་རྨང་རྨང་གཞིའི་ཤེས་བྱ་ལ་རྩིས་ལེན་བྱེད་ཐུབ་མ་མ་ཚད་སློབ་མས་ཇི་ལྟར་སྔོན་སྦྱོང་དང་སློབ་ཁྲིད་ཉན་པའི་གནས་ཚུལ་ཡང་ཞིབ་བཤེར་བྱེད་ཐུབ།

    མཇུག་གཏམ།

    སློབ་ཐུན་ཟིན་བྲིས་འགོད་རྒྱུ་ནི་སློབ་མས་སློབ་སྦྱོང་བྱེད་པའི་གོ་རིམ་དུ་མེད་དུ་མི་རུང་བ་ཞིག་རེད།དེས་སློབ་སྦྱོང་བྱས་ཟིན་པའི་ནང་དོན་རྣམས་སྲ་བརྟན་དང་ནང་དོན་གསར་པ་རྣམས་ལ་འབྲེལ་མཐུན།སློབ་མས་བོད་སྐད་ཡིག་བེད་སྤྱོད་བྱེད་པ་དང་རྩོམ་འབྲི།སློབ་མས་སློབ་ཁྲིད་ལ་ཉན་པའི་སྤུས་ཚད།དཔེ་ཀློག་གི་གོམས་གཤིས་སོགས་གང་ཐད་ལ་ཕན་པ་ཧ་ཅང་ཆེ།རྒྱུན་གཏན་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས།གལ་ཏེ་སློབ་མས་སློབ་ཐུན་ཟིན་བྲིས་འགོད་རྒྱུ་ལ་མཛུབ་སྟོན་བྱ་རྒྱུ་ལ་དོ་སྣང་མ་བྱས་ན་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཡང་ཤུགས་རྐྱེན་ཞན་པ་ཐེབས་རྒྱུ་ནི་གོར་མ་ཆག དེའི་ཕྱིར་བོད་སྐད་ཡིག་དགེ་རྒན་གྱིས་ནམ་ཡིན་ཡང་སློབ་ཐུན་ཟིན་བྲིས་འགོད་རྒྱུ་ལ་མཛུབ་སྟོན་དང་ཞིབ་བཤེར་སོགས་ལ་གཙིགས་སུ་འཛིན་དགོས་པ་ནི་ཧ་ཅང་གལ་ཆེ།

  • ལེ་ཚན་སྔོན་མ།:དམའ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཐབས་ཀྱི་སྐོར་ལ་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:སློབ་འབྲིང་སློབ་མའི་སྐད་ཡིག་དང་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐབས་ཀྱི་ཉམས་མྱོང་ཙམ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།