ཞི་ཅིན་ཕིང་ནས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་ཆེན་ཐོག་གསུང་བཤད་གནང་།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-09-24

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་ནས། ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་དམངས་གཙོ་ལྟ་སྐུལ་དང་སྲིད་ཞུགས་སྲིད་གྲོས་ཆུ་ཚད་མཐོ་རུ་གཏོང་བ་དང་ཐུན་མོང་ངོས་འཛིན་དེ་བས་ཡག་པའི་སྒོ་ནས་གཅིག་སྡུད་བྱས་ཏེ་མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་། མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་ཡག་པོ་གཏོང་དགོས་པའི་ནན་གསུངས་གནང་བ། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་པ། ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྤྱི་ཚེས་20ཉིན་གྱི་སྔ་དྲོ་པེ་ཅིང་དུ་སྐོང་ཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། དུས་རབས་གསར་པར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་རྟེན་ལ་བརྩི་བ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་ཞབས་ཞུ་བསྒྲུབ་རྒྱུ་དེ་ལས་ཀའི་ལམ་ཐིག་གཙོ་བོར་བརྩི་བ། བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཆེན་པོ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་ལ་བརྩི་བ། བརྗོད་བྱ་གཙོ་བོ་གཉིས་ཏེ་མཐུན་སྒྲིལ་དང་དམངས་གཙོ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐུན་མོང་ངོས་འཛིན་དེ་བས་ཡག་པའི་སྒོ་ནས་གཅིག་སྡུད་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་ཡག་པོ་གཏོང་བ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་ཀྲུང་ཧྭ་བུ་ཕྲུག་གི་བློ་རིག་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་འཁུར་བ་བཅས་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།

 ཞི་ཅིན་ཕིང་ནས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་ཆེན་ཐོག་གསུང་བཤད་གནང་།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ནས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

      ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།

      ཞི་ཅིན་ཕིང་གིས། ང་རང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། མི་དམངས་སྲིད་གྲོས་ཀྱི་ཏང་ཤོག་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐེ་དབན་གྱི་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།

      ཞི་ཅིན་ཕིང་གིས། མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་དང་ཀྲུང་གོའི་དོན་དངོས་གཉིས་ཟུང་འབྲེལ་བྱས་པའི་རླབས་ཆེའི་གྲུབ་འབྲས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ཆབ་སྲིད་ལམ་ལུགས་ཐད་གསར་གཏོད་རླབས་ཆེན་གནང་བ་ཞིག་ཡིན་ཞེས་ནན་གསུངས་གནང་བ་དང་།

ཞི་ཅིན་ཕིང་ནས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་ཆེན་ཐོག་གསུང་བཤད་གནང་།

       ཞི་ཅིན་ཕིང་གིས། ལོ་ངོ70སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱིས་བརྗོད་བྱ་གཙོ་བོ་གཉིས་ཏེ། མཐུན་སྒྲིལ་དང་དམངས་གཙོ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་ཞུ་བསྒྲུབས་པ། ཀྲུང་གོ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོར་ཧ་ཅང་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་བ་དང་།

      ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད་ལ། མི་དམངས་སྲིད་གྲོས་ལས་དོན་ཐད་བླང་བྱ་གསར་པ་ཡང་རབ་དང་རིམ་པ་བཏོན་གནང་ཡོད་ཅེས་གསུངས་པ་དང་།

      ཞི་ཅིན་ཕིང་གིས། གཅིག་ནས། ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཉིས་ནས། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་ལ་ཡང་དག་པའི་སྒོ་ནས་དམ་འཛིན་བྱེད་པ། གསུམ་ནས། མི་དམངས་སྲིད་གྲོས་ཀྱི་ཆེད་མངགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། བཞི་ནས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ལྔ་ནས། མི་སེམས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཆེར་བྱེད་པ། དྲུག་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཞིགས་ནས་འགན་འཁྲི་ལག་བསྟར་བྱེད་པ། བདུན་ནས། མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱེད་པ། བརྒྱད་ནས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་འགན་འཁྲི་ལག་བསྟར་གྱི་ནུས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལོ་ངོ་70སོང་རིང་གི་ལག་ལེན་ཐོག་ནས་མི་དམངས་སྲིད་གྲོས་ལམ་ལུགས་ལ་ཕྱོགས་མང་པོའི་ཐད་ཀྱི་བཟང་ཆ་ལྡན་པ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་གནང་བ་དང་།

      ཞི་ཅིན་ཕིང་གིས། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་ཁྲོད་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱ་རྒྱུར་སྐུལ་འདེད་དང་། ཏང་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་དམངས་གཙོ་ལག་ལེན་བསྟར་བ་བཅས་བྱས་པས། ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་ཐུབ་ཡོད་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོར་ལས་ཀ་ཡོད་ན་གྲོས་མོལ་མང་ཙམ་བྱེད་པ་དང་། ལས་ཀ་འཕྲད་ན་གྲོས་མོལ་མང་ཙམ་བྱེད་པ། ལས་ཀ་བྱེད་སྐབས་གྲོས་མོལ་མང་ཙམ་བྱེད་པ་བཅས་ཀྱི་ཁྱད་ཆོས་དང་བཟང་ཆ་གང་ལེགས་མངོན་ཡོད་ཅེས་ནན་བཤད་གནང་ཡོད་པ་དང་།

ཞི་ཅིན་ཕིང་ནས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་ཆེན་ཐོག་གསུང་བཤད་གནང་།

      ཞི་ཅིན་ཕིང་གིས། བསམ་འཆར་ཉན་ཐུབ་པ་དང་བསམ་འཆར་ཉན་ཕོད་པ། ལྷག་པར་དུ་སྐྱོན་བརྗོད་དང་ལེན་བྱེད་ཕོད་པ་དང་། ལས་དོན་ལ་སྒྱུར་བཅོས་བྱེད་ཕོད་པ་ནི་སེམས་ཤུགས་ཡོད་པ་དང་སྟོབས་ཤུགས་ལྡན་པའི་རྣམ་པ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་གོང་འཕེལ་གཏོང་བར། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་བཟང་ཆ་བེད་སྤྱོད་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་དང་སྐྱོན་བརྗོད་སླར་ཡང་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གཏམ་བཤད་རྒྱ་ཆེར་སྤེལ་བ། བསམ་འཆར་རྒྱ་ཆེར་ཉན་པ། བསམ་བློ་དང་ལྟ་བ་མི་འདྲ་བའི་བར་གང་ལེགས་བརྗོད་པ་དང་སྤེལ་རེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་བྱེད་པ་ལས་གཞན་ལ་བཙན་ཐབས་མི་བྱེད་པ། སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། གོ་རིམ་ལྡན་པའི་ངང་གྲོས་མོལ་བྱེད་པ་ལས་རང་གཏམ་རང་ཤོད་མི་བྱེད་པ། ཁོག་ཡངས་དང་ལྷག་བསམ་ལྡན་པའི་གྲོས་མོལ་བྱེད་པ་ལས་ཐལ་དྲགས་པ་དང་ཨུ་ཚུགས་མི་བྱེད་པ་བཅས་ཀྱི་ཐོག་ནས་གང་བསམ་ལྷུག་གླེང་དང་རང་སོ་སོའི་ལྟ་བ་བརྗོད་པ། སྟངས་འཛིན་ཚད་དང་ལྡན་ཞིང་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གྲོས་མོལ་གྱི་རྣམ་པ་ཡག་པོ་ཞིག་ཆགས་པ་བྱེད་དགོས། ལམ་ལུགས་དང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀོད་ཇུས་མ་བྱས་གོང་དང་བཀོད་ཇུས་ལག་བསྟར་ཁྲོད་གྲོས་མོལ་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་ནང་ཞུགས་པའི་ཁྱབ་ཁོངས་དང་གྲོས་བསྡུར་གྱི་རྩ་དོན། གཞི་རྩའི་གོ་རིམ། སྤེལ་རེས་བྱ་ཐབས་སོགས་ཀྱི་ཐད་གཏན་འབེབས་བྱ་དགོས་ཞེས་ནན་གསུངས་གནང་བ་དང་།

      ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཆ་རྐྱེན་འོག ང་ཚོས་མུ་མཐུད་མདུན་སྐྱོད་བྱེད་དགོས་ན། ངེས་པར་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་ཟབ་ཏུ་གཏོང་བ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ལས་དོན་ནུས་ལྡན་སྒྲུབ་པ་བརྒྱུད། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པའི་གཡུལ་ས་གལ་ཆེན་དང་། ཏང་གིས་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིའི་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པའི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་གང་ཐུབ་བྱ་དགོས་ཞེས་གསུངས་ཡོད།

      ཞི་ཅིན་ཕིང་གིས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། གཅིག་མཐུན་རང་བཞིན་ནི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་གཅིག་མཐུན་ཡིན་པ་དང་། སྣ་མང་རང་བཞིན་ནི་ཁེ་ཕན་སྣ་མང་དང་བསམ་བློ་སྣ་མང་གི་མཚོན་ཚུལ་ཡིན་པས། སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་ནས་གཅིག་མཐུན་རང་བཞིན་འཚོལ་དགོས་པ་ལས། སྣ་ཁ་གཅིག་ལྟར་བྱེད་མི་རུང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱུན་ལྡན་རང་བཞིན་གྱི་བསམ་བློ་ཆབ་སྲིད་ལས་ཀ་དང་ཟུང་འབྲེལ་བྱས་ཏེ། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་བྱེད་པ་དང་། མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་ཐབས་བྱེད་པ། ཏང་ཤོག་ཚོགས་པ་ཁག་དང་། མི་རིགས་ཁག ལས་རིགས་ཁག་བཅས་ཀྱི་མི་སྣའི་བསམ་བློ་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་དང་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་། ཨུ་ཡོན་ཚོས་གཞི་རིམ་དུ་ཟབ་ཞུགས་དང་ཡང་སྒོས་སུ་ལས་རིགས་ཁག་གི་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་གོང་ཞུ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བཅས་བྱ་དགོས་ཞེས་གསུངས་ཡོད།

      ཞི་ཅིན་ཕིང་གིས། སྲིད་ཏང་ལམ་ལུགས་གསར་པ་ལག་ལེན་བསྟར་བའི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རྣམ་པ་དང་རྩ་འཛུགས་རྣམ་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། དམངས་གཙོ་ཏང་ཤོག་ཁག་གིས་ཏང་ཤོག་དེ་རང་གི་མིང་ཐོག་ནས་སྲིད་གྲོས་ལ་བསམ་འཆར་འདོན་པ་དང་གྲོས་འགོ་འདོན་པའི་ཐད་ལམ་སྲོལ་རང་བཞིན་གྱི་བཀོད་སྒྲིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

      ཞི་ཅིན་ཕིང་གིས། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་བང་རིམ་གསར་པའི་མི་སྣ་བཅས་དང་སྤེལ་རེས་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་ནས་ཁྲིམས་ལྟར་སྲིད་ཇུས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཏེ། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། ཐེ་དབན་གླིང་ཕྲན་ནང་ཁུལ་གྱི་འབྲེལ་ཡོད་ཏང་ཤོག་ཚོགས་པ་དང་། སྤྱི་ཚོགས་སྒྲིག་འཛུགས། ལས་རིགས་ཁག་གི་མི་སྣ་བཅས་དང་སྤེལ་རེས་དང་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱིར་སྡོད་སྤུན་ཟླའི་འཐུས་མི་སྲིད་གྲོས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་པ་དང་། ཕྱི་ཕྱོགས་དང་འགྲོ་འོང་ཧུར་ཐག་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་དྲང་ནུས་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད།

      ཞི་ཅིན་ཕིང་གིས། སྲིད་གྲོས་ཨུ་ཡོན་ནི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཡིན་པའི་ངོས་ནས། ཕྱོགས་ཁག་ནས་གྲོས་མོལ་གཟབ་ནན་བྱས་ཏེ་ཐོན་པ་དང་། ལས་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་རྒྱལ་དོན་ནང་ཐེ་ཞུགས་དང་འགན་ནུས་སྒྲུབ་ཀྱི་ཡོད། དེ་ནི་གཟི་བརྗིད་ཅིག་རེད་ལ། དེ་བས་ཀྱང་འགན་འཁྲི་ཞིག་རེད་ཅེས་གསུངས་ཡོད།

      ཞི་ཅིན་ཕིང་གིས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་། དམངས་ཀྱི་ཆེད་དུ་ལས་འགན་གཙང་སྒྲུབ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བྱ་གཞག་སེམས་ལ་འཇོག་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས། ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། བསམ་བློའི་ཆུ་ཚད་དང་ངོས་འཛིན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། འགན་སྒྲུབ་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བྱས་ནས། ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཞུན་བརྡར་ནན་ཏན་གཏོང་བ་དང་། སྤྱོད་གཙང་རང་གཅུན་ནན་པོ་བྱས་ཐོག དཔེ་སྟོན་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་བཟང་མངོན་པ་བྱ་དགོས་ཞེས་གསུངས་ཡོད།

      ཞི་ཅིན་ཕིང་གིས། རིམ་པ་ཁག་གི་ཏང་ཨུད་ཀྱིས་མི་དམངས་སྲིད་གྲོས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ནས། སྲིད་གྲོས་ཀྱིས་ལས་དོན་བསྒྲུབ་རྒྱུར་མཐུན་རྐྱེན་བསྐྲུན་པ་དང་། སྲིད་གྲོས་ལ་ཕུལ་དུ་བྱུང་བའི་འགོ་ཁྲིད་བཀོད་སྒྲིག་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

      ཞི་ཅིན་ཕིང་གིས། ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་ནས་སྲིད་གྲོས་ཀྱི་བྱེད་སྒོ་གལ་ཆེ་རིགས་ལ་ཞུགས་དགོས་པ་དང་། ཏང་ཕྱིའི་མི་སྣ་དང་རྒྱ་ཁྱབ་ཀྱི་གྲོགས་པོ་སྒྲིག་རྒྱུ་དང་གྲོགས་པོ་ཡག་པོ་སྒྲིག་རྒྱུར་སྣེ་ཁྲིད་བྱ་དགོས་པ། སྲིད་གྲོས་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་བཀོད་ཇུས་བཀོད་སྒྲིག་ཁག་མི་དམངས་སྲིད་གྲོས་ནང་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འགན་སྲུང་བྱ་དགོས་པ། སྲིད་གྲོས་ཁྱབ་ཁོངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད།

      ཝང་དབྱང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས་གསུངས་པ་ཞིག་ཡིན་ཞིང་། ཐུགས་བརྩེ་བ་ཟབ་མོའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་ལོ་ངོ70ཡི་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་དང་། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ནང་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་གདེང་འཇོག་མཐོ་པོ་གནང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་རབ་དང་རིམ་པར་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་འོས་འགན་དང་། ལས་འགན། སྤྱིའི་བླང་བྱ། ཤུགས་སྣོན་རྒྱག་གཞི་བཅས་རྒྱས་བཤད་གནང་ནས། དུས་རབས་གསར་པའི་ནང་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་སྔར་ལས་ལྷག་པ་གནང་ཡོད་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་། གོ་བ་གཏིང་ཟབ་བླངས་ཐོག བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་རང་རྟོགས་ངང་གཅིག་གྱུར་བྱས་ཏེ་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་པ། དཀའ་སྤྱད་འབད་བརྩོན། གསར་གཏོད་ཡར་བརྩོན་བཅས་བྱས་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་གྱི་ལེའུ་གསར་པ་ཟམ་མི་ཆད་པ་གཏོད་དེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འོས་འགན་བསྒྲུབ་ཆེད་སེམས་ནུས་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས་ཞེས་གསུངས་ཡོད།

      པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁག་གཅིག རྒྱལ་དོན་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་སྔ་རྒྱལ་ཡོངས་སྲིད་གྲོས་ཀྱི་དབུ་ཁྲིད་གནང་མྱོང་བའི་བློ་མཐུན་རྒན་གྲས་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

      ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཨུ་ཡོན་ཁག་གཅིག ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་འགན་འཁུར་བ། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཨ་ལེའི་བརྩམས་ཆོས་གསར་པ《རི་འཛེག་པ》སྤེལ་ཤིང་། གློག་བརྙན་ཡང་ཟླ་9ཚེས་30ཉིན་རྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཁྲོན་བོད་ལྕགས་ལམ་གྱི་བཟོ་དབྱིབསTཅན་གྱི་ཟམ་ཕོག་དེ་སྔོན་དཔག་བྱས་ན2025ལོར་ཁྱོན་ཡོངས་སུ་བྲེས་ཚར་ནས་ཤར་གཏོང་ཐུབ་ཚོད་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།