འཚོ་བ་གསར་པས་ལོ་ངོ་བདུན་ཅུ་བསུ།

ཉི་མ་རྡོ་རྗེ།        2019-09-23

བཀྲ་ཤིས་ལྷ་ཉི་དཀར་པོ་མཁའ་ནས་ཤར།།

ལོ་ངོ་བདུན་ཅུའི་རྒྱལ་སྟོན་དུས་བཟང་ཚེས།།

བཀྲ་ཤིས་ཁ་བཏགས་དཀར་པོ་ཏང་ལ་ཕུལ།།

དམངས་འཚོ་ཡར་རྒྱས་ཕུན་སུམ་ཚོགས་པས་བསྟོད།།

སྤྱི་ཚོགས་རྙིང་པའི་འཚོ་བར་རྒྱང་ལྟ་བྱེད།།

ཟ་རྒྱུ་མེད་པས་རྟག་ཏུ་བཀྲེས་ལྟོགས་མྱོང་།།

གོན་རྒྱུ་མེད་པས་གྲང་དང་འཁྱག་གིས་གཙེས།།

དམངས་ཀྱི་འཚོ་བ་ཡི་དྭགས་ཇི་བཞིན་ནོ།།

འཐུང་ཆུ་མི་གཙང་རྒྱུན་དུ་རྙོག་ཁུ་བཏུང་།།

གཙང་སྦྲའི་གོམས་གཤིས་དབེན་པས་ནད་ཀྱིས་ཟིན།།

སྨན་བཅོས་ལག་རྩལ་མེད་པས་འཆི་ལ་ཐུག།

ཀུན་ནས་རྗེས་ལུས་ཐེབས་པའི་དུས་དེ་སྐྱོ།།

སྡོད་ཁང་འདི་ནི་སྟབས་བདེའི་ཤིང་ཁང་ཞིག།

གཞུང་ལམ་འདི་ནི་འབའ་འབུར་མི་སྙོམས་པ།།

མི་ཡི་ནང་ན་ཡོན་ཏན་ཅན་འདི་དཀོན།།

སྐྱིད་པའི་འཚོ་བ་ཉིན་མོའི་སྐར་མ་བཞིན།།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་གྱིས་འཚོགས།།

བཅོས་སྒྱུར་སྒོ་འབྱེད་སྒོ་མོ་ཆེ་ཆེར་ཕྱེས།།

དམངས་ལ་ཕན་པའི་བསིལ་རླུང་འཇམ་པོ་ལྡང་།།

དམངས་འཚོ་ཡར་རྒྱས་ཆར་རྗེས་མྱུ་གུ་བཞིན།།

གློག་གི་སྐུད་པས་གཅིག་ནས་གཅིག་ཏུ་མཐུད།།

ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ངོམ་མེད་སྤྱོད།།

མུན་ནག་མར་མེ་གློག་གི་མདངས་ཀྱིས་མནན།།

འགྱུར་ལྡོག་འཚོ་བ་སྤྱི་ཚོགས་དངོས་ལས་མཐོང་།།

སྣུམ་ནག་ཁོད་ཡངས་གཞུང་ལམ་ཐགས་རིས་བཀྲ།

བཀོད་ལེགས་ཁང་པས་གྲོང་དང་གྲོང་པ་སྦྲེལ།།

ཤང་ཤང་འཐུང་ཆུ་སྒོ་འགྲམ་བརྒྱུད་ནས་འབབ།།

རྣམ་པ་གསར་པས་རི་ཀླུང་ཀུན་ལ་ཁྱབ།།

རླངས་འཁོར་ཆེ་ཆུང་སྐྱེལ་འདྲེན་བྱེད་ལ་བྲེལ།།

དར་འགྲོས་ཁ་པར་སྐད་བརྡ་སྤྲོད་ལ་སྤྱོད།།

བརྙན་འཕྲིན་ནང་ནས་སྲིད་ཇུས་བཟང་པོ་བསྒྲགས།།

དམངས་ཀྱི་སེམས་སུ་ཕྱུག་འགྱུར་བློ་ཐབས་གནང་།།

འབྱུང་བཞིའི་ནད་ལ་སྨན་བཅོས་ཁག་ཐེག་སྤྲད།།

གནད་དུ་འཁེལ་བའི་དབུལ་སྐྱོར་ཇུས་བཟང་སྤེལ།།

འཚོ་བ་སྐྱོ་བའི་མི་ལ་དངུལ་ལོ་སྟེར།།

བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་མིན་ཅི།།

དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་གཞོན་བཞིན།།

ཉི་མ་རེ་ཡི་འགྱུར་ལྡོག་འདི་ལས་མཐོང་།།

རྒྱུན་དུ་བཟའ་བྱ་བཅུད་ལྡན་འབྲས་ཚལ་སྦྲང་།།

འཕྱོར་གོས་བརྒྱན་པ་དུས་ཆེན་རོལ་བ་ལྟར།།

དགོད་པའི་འཛུམ་མདངས་ལྷུག་ལྷུག་གདོང་ ལས་མཐོང་།།

རང་གི་ལག་ཟུང་ལས་ལ་འབད་པས་བརྩོན།།

བློ་གྲོས་ཕུལ་བྱུང་གོ་སྐབས་བཟང་པོར་བརྟེན།།

རང་གི་འཚོ་བ་རང་གིས་སྐྱིད་ལ་བཀོད།།

ཞིང་སྡེ་གསར་བའི་འཛུགས་སྐྲུན་བྱ་གཞག་གི།

དགའ་བའི་གཏམ་སྙན་པེ་ཅིན་མཁར་

ལས་བསྒྲགས།།

དབལ་ཤུལ་མི་ཡིས་བསམ་བློ་བཅིངས་འགྲོལ་ངང་།།

ཕྱུག་འགྱུར་ལམ་བུའི་ཐོག་ཏུ་གོམ་ཆེར་བགྲོད།།

བཀོད་ལེགས་ཁང་བཟང་རེ་རེ་ཚར་དུ་དངར།།

ཞིང་སྡེ་གསར་པའི་འཛུགས་སྐྲུན་སྡེབས་དང་ལྷན།།

རང་གི་ཁྱད་ཆོས་འཛིན་པའི་སྡོད་ཁང་གིས།།

རྩྭ་ཐང་ཐོག་ལ་མཛེས་སྡུག་གསར་པས་ཁྱབ།།

ཁོད་ཡངས་ཉམས་དགའ་གཙང་བའི་ཁོར་ཡུག་ནང་།།

བུ་དང་བུ་མོས་སློབ་སྦྱོང་བྱེད་ལ་བྲེལ།།

མ་རིག་མུན་པ་སེལ་བའི་སྒྲོན་མེ་དེས།།

སློབ་བུའི་ཚོགས་ལ་ཡོན་ཏན་བདུད་རྩི་བླུད།།

རིག་གནས་གསར་བརྗེའི་གྱོང་གུད་ཆེན་པོའི་འོག།

ཕྱོགས་དང་ཀུན་ནས་ཉམས་ཆག་ཆེན་པོ་བྱུང་།།

དེང་སང་ཆོས་ཀྱི་སྒོ་མོ་ཕྱེ་བས་ན།།

ཆོས་ཀྱི་བྱིན་རླབས་སེམས་ཀྱི་གཏིང་དུ་འཛུམ།།

ཡུལ་སྐོར་ལྗོངས་རྒྱུའི་འཁྲུག་ཆ་རབ་ཏུ་དོད།།

ཕྱི་རོལ་མི་རྣམས་ཡུལ་འདིར་བལྟ་ལ་ཕེབས།།

ས་ཆ་འདི་ཡི་འགྱུར་ལྡོག་འདི་ལྟར་ན།།

གྲོང་ཁྱེར་ཆེན་པོ་དེ་བས་བརྗོད་མི་ལང་།།

དཀར་ནག་ཕྱུགས་རིགས་ལོ་དང་བསྟུན་ནས་འཕེལ།།

བཅུད་ལྡན་ཟས་རིགས་རྒྱུན་པར་ལོངས་སུ་སྤྱོད།།

མི་ལོ་བདུན་ཅུའི་འཕེལ་རྒྱས་བརྒྱུད་རིམ་གྱིས།།

ཏང་གི་ཡང་དག་སྲིད་ཇུས་བཟང་པོར་བསྟོད།།

ལོ་ངོ་བདུན་ཅུ་སྐད་ཅིག་ཙམ་ལ་བཞུད།།

འཚོ་བ་གསར་པའི་རྣམ་པ་ཡུལ་འདིར་བཞག།

ཇུས་བཟང་འདི་ལ་སྙན་པའི་གླུ་ཡིས་བསྟོད།།

འགྱུར་ལྡོག་འདི་ལ་ཡིད་ཀྱི་གཏིང་ནས་སྨོན།།

ཀྲུང་གོའི་ཕུགས་འདུན་འདི་ནི་ཕུགས་བསམ་ཆེ།།

རྒྱུད་གཅིག་ལམ་གཅིག་འདི་ནི་དམིགས་འདུན་ཡག།

ཀྲུང་གོ་འཛིན་མའི་མི་ཡི་བློ་སྤོབས་ཀྱིས།།

གོ་ལའི་ཁྱོན་ལ་གོམ་སྟབས་ཆེན་པོ་སྤོས།།

ཕྱུགས་རྫི་གཞོན་ནུས་ལ་གཞས་བླངས་ནས་བསྟོད།།

གཡང་དཀར་ལུག་གིས་འབའ་སྒྲས་

རམ་འདེགས་བྱས།།

རང་གཞན་ཀུན་གྱིས་མྱོང་བའི་བདེ་སྐྱིད་དེ།།

ཉི་མ་སྟོང་གི་འོད་འདྲའི་ཏང་ལས་བྱུང་།།

རྒྱལ་ཁབ་བཙུགས་པའི་དུས་ཆེན་བཟང་པོ་སླེབས།།

འབྲོང་རིའི་གསེར་ཆབ་རིང་མོ་གཡས་

ནས་འབབ།།

འབྲོག་མི་དགའ་བའི་གར་སྟབས་གཡོན་

ནས་བསྒྱུར།།

རྩྭ་ཐང་ཐོག་ཏུ་དགའ་བའི་དགོད་སྒྲས་ཁེངས།།

སྙན་པའི་གླུ་ཡིས་རྒྱལ་སྟོན་དུས་ཆེན་བསུ།།

ཆབ་འབངས་བདེ་ཞིང་རྒྱལ་ཁབ་

དར་རྒྱས་དང་།།

མཚན་སྙན་གྲགས་པས་སྟོང་གསུམ་ཁྱབ་པ་ཡི།།

སྨོན་འདུན་ཚིག་གི་ཤིས་པ་ཡང་ཡང་ཕུལ།།

  • ལེ་ཚན་སྔོན་མ།:གཏམ་བཟང་ཞིག་གིས་བསྐུལ་བའི་སེམས་ཚོར།
  • ལེ་ཚན་རྗེས་མ།:འཁོར་བའི་ནགས་ཀློང་ལ་འཁྲི་བའི་བྱེའུ།