ལོ་བདུན་ཅུའི་ནང་རང་རྒྱལ་གྱི་སྒེར་གཉེར་ཁེ་ལས་ཀྱི་གྲངས་འབོར་བསྡུར་ཚད་བརྒྱ་ཆ་བརྒྱད་ཅུ་འཕར་ཡོད།

གངས་སྐྱིད་ཀྱིས་བསྒྱུར།        2019-09-12

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ8པའི་ཚེས26ཉིན་འབྱོར་བའི་གཏམ་གསར། ཚེས26ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་གྱི་ཁེ་ལས་ཁྲིམས་མིའི་གྲངས་འབོར་མགྱོགས་མྱུར་འཕར་ནས་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་དབྱེ་བྱས་ཚུན། སྒེར་གཉེར་ཁེ་ལས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་འཕར་ནས2017ལོར་ཁྲི1436.9ཟིན་པ་དེས་ཁེ་ལས་ཧྲིལ་པོའི་གྲངས་འབོར་བསྡུར་ཚད་ཀྱི་བརྒྱ་ཆ79.4བཟུང་བ་མངོན་ཡོད།

    བཅོས་བསྒྱུར་སྒོ་དབྱེ་བྱས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་བཞི་པའི་ཐོག་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་བཙུགས་ཚུན། ཁེ་ལས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་ནས་སྒེར་གཉེར་ཁེ་ལས་དང་། མ་རྐང་མཉམ་ལས་ཁེ་ལས། ཀང་ཨའོ་ཐའེ་ཡི་ཚོང་ལས་མ་འཇོག་ཁེ་ལས། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་བཅས་ཚུད་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་ལས་ཞུགས་བརྟན་དུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཚོང་དོན་ལམ་ལུགས་བཅོས་བསྒྱུར་ལ་ཟམ་མི་ཆད་པར་སྐུལ་མ་ཐེབས་པར་བརྟེན། ཁེ་ལས་ཐོ་འགོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སྒྲིག ཁེ་ལས་ཀྱི་གྲངས་འབོར་སྔར་བས་མང་དུ་ཕྱིན་པ་བཅས་ཀྱི་རྣམ་པ་ཐོན་ཡོད།

    སྙན་ཞུའི་ནང1996ལོར་རྒྱལ་ཡོངས་སུ་ཁེ་ལས་ཀྱི་ཁྲིམས་མི་ཁྲི440.2ཡོད་པ་དང་། 2017ལོར་ཁེ་ལས་ཀྱི་གྲངས་འབོར་ཁྲི2200.9འཕར་བ་དེ1996ལོའི་ལྡབ5ཡིན་པ་དང་ལོ21རིང་ལོ་རེར་ཆ་སྙོམས་བརྒྱ་ཆ8འཕར་ཡོད། དེའི་ནང2012ལོ་ནས2017ལོ་བར་ཁེ་ལས་ཀྱི་གྲངས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ15.7འཕར་ཡོད།

    བཅོས་བསྒྱུར་སྒོ་དབྱེ་བྱས་ཚུན་དམངས་གཉེར་དཔལ་འབྱོར་ཆུང་བ་ནས་ཆེ་བའི་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཞིང་། སྙན་ཞུའི་ནང1996ལོར་རྒྱལ་ཡོངས་སུ་སྒེར་གཉེར་ཁེ་ལས་ཁྲི44.3ཡོད་པ་དང་། 2017ལོར་ལྡབ31.4འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ18འཕར་ཏེ་སྒེར་གཉེར་ཁེ་ལས་ཀྱིས་ཁེ་ལས་ཧྲིལ་པོའི་གྲངས་འབོར་ལས་བཟུང་བའི་བསྡུར་ཚད་བརྒྱ་ཆ16.9ནས་བརྒྱ་ཆ79.4བར་འཕར་ཡོད།

     དེ་དང་ཆབས་ཅིག་རྒྱལ་དབང་ཁེ་ལས་ཀྱི་གྲངས་འབོར་ཉུང་བ་དང་སྤུས་ཚད་མཐོ་རུ་ཕྱིན་ཞིང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་ཟབ་ཏུ་ཕྱིན་པར་བརྒྱུད། འགྲན་རྩོད་བྱེད་ནུས་ཆེ་ཙམ་ལྡན་པའི་རྒྱལ་དབང་ཁེ་ལས་ཆེ་གྲས་ཁག་གཅིག་ཆགས་ཡོད་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་ལ། རྒྱལ་དབང་རྒྱུ་ནོར་རིན་སྲུང་རིན་འཕར་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པས། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་ངང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།


  • ལེ་ཚན་སྔོན་མ།:སྡེ་ཚན་གཉིས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་སློབ་མ་དབུལ་པོའི་འོས་འགན་སློབ་གསོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།