འཁུན་ཚིག

གསེར་མེ།        2019-09-06

དགུན་འཁྱག་དྲོད་རྐུན་འདྲེ་མོ་ཚུར་ཚུར་དུ་གཅར་དུས།།

ཁོ་ར་ཁོར་ཡུག་མཉམ་མོ་ཙག་རླུང་གིས་བཟས་སོང་།།

མ་ཤི་དྲོད་ཙམ་འཛིན་པའི་གློ་སྙིང་གི་ཚ་ངད།།

མི་འདོད་གྲང་ལྷགས་རྐུན་པོའི་ཆོམ་འོག་ཏུ་ཤོར་སོང་།།

ཟུར་གསུམ་སྙིང་གི་དྲོད་ཁོལ་གྲང་ལྷགས་ཀྱིས་བཅུམས་དུས།།

ཕྱི་གོས་སྣམ་བུ་འཇམ་པོས་དྲོ་ཐབས་རང་མི་འདུག།

ཙག་རླུང་རྡུལ་གྱི་འདབ་མ་དགུ་རྩེག་ཏུ་འཁྲིགས་དུས།།

ཡ་ཁོག་སྲོག་གི་རྒྱུ་བ་ཞ་འཐེང་དུ་ཆགས་སོང་།།

སྤྲིན་དང་ཉི་མའི་ངོ་ལ་སྐྱོ་ཉམས་ཀྱིས་ཁེངས་ཤིང་།།

སྨག་དང་རླུང་བུའི་ལུས་ལ་གྲང་འཁྱག་གིས་འཆིང་བ།།

ང་དང་ཁྱི་ལྡོམ་སྐྱོ་བའི་ངུ་ཅོ་དག་ཉན་ན།།

ཡིད་གཟའ་འཁྲུགས་པའི་རྒྱུ་ལས་ལྷོད་ཐབས་ཤིག་མི་འདུག།

ལོ་དང་ཟླ་བའི་ཁུང་བུར་སེམས་ཚེགས་ཀྱིས་བཙངས་ཤིང་།།

ཉིན་མཚན་འཕོ་བའི་ཁུད་ནས་ངལ་དུབ་ཀྱིས་མནར་བས།།

འདོད་འདུན་དྲག་པའི་སེམས་ཀྱི་མེ་སྟག་དེ་ཞི་ནས།།

ཨ་ཐང་ཆད་པས་འཚོ་བའི་དམའ་ས་རུ་འཁུམ་ཡོད།།

  • ལེ་ཚན་སྔོན་མ།:སྲིད་པ་སྒྱུ་མའི་ངག
  • ལེ་ཚན་རྗེས་མ།:ཤིན་ཏུ་འཁྱག་པའི་གཞས།