​ཕལ་མིའི་སེམས་ཚོར།

གུ་དཔལ་ཤིས།        2019-09-04

གྲྭ་ས་ཞེས་པའི་མིང་ལྗིད་པོ་འདིས།

ང་རང་སྡུག་ལ་སྦྱར་བར་བགྲང་གིས་མི་ལངས།

དོན་དམ་དུ་དཔེ་ཆ་བ་རྣལ་མ་ཞིག་བཅའ་

ཐུབ་མེད་པས་ལོས་ཡིན།

དེའང་འཁོར་བ་ལྗན་ལྗིན་དུ་སྒོམ་པའི་ངེས་འབྱུང་

ཅན་གྱི་ཆོས་པ་དག་མ་ཞིག་མིན་པས།

ཕ་ས་ཕ་ཡུལ་དང་རང་མི་རང་ཁྱིམ་དག་

བློས་ཐོངས་ཀྱིན་མེད།

དེ་བས་ང་ལ་ཕ་ཡུལ་ནི་ཕྱིར་འདོར་

ཐབས་མེད་པའི་འཚོ་བའི་

གྲུབ་ཆ་ཞིག་ཡིན།

ཡིན་ནའང་ཕ་ཡུལ་དུ་ལོ་རེ་ལ་

ཐེངས་མ་གཅིག་ལས་

ལོག་ཐུབ་ཀྱིན་མི་འདུག

དེ་ཡང་བརྩོན་པས་གོ་ཆ་བགོས་

དྲགས་པས་མ་ཡིན་ལ།

སྒྱིད་ལུག་དང་འཚོ་བའི་སྟ་གོན་

མ་འཛོམ་པས་ཡིན།

ཕ་ཡུལ་གྱི་རང་ཁྱིམ་སྙེག་ཐེངས་རེར།

རྒྱབ་རི་སྨུག་གེར་འགྱིང་བའི་ཨ་ཕ་

ལགས་ལས་ཀྱིས་ང་ཚོ་ལ་མ་དབང་རུང་།

བྱམས་བརྩེའི་འཛུམ་དྲོད་

འཁྱིལ་བའི་ཨ་མ་དང་།

འཚོ་བའི་རྒྱབ་རྟེན་ཡིན་པའི་ཕུ་བོ།

སྐྱིད་སྡུག་གི་སེམས་དྲོད་སྲོ་བའི་ཨ་ཅེ།

རྟག་པར་དྲན་རྫོང་ནས་ཡལ་བ་མེད་

པའི་ནུ་བོ་དག་ཡོད་པས།

ང་ནི་ཡིན་ལྕོག་ལྕོག་གིས་ཟས་ཀྱི་

ཕུད་དང་གོས་ཀྱི་རྩེ་དག་ལ་

རོལ་ནས་འདུག་ཆོག

ཁ་ཁུ་སིམ་པའི་འབྲོག་པའི་ཞོགས་པར་

མལ་ལས་སད་ཐེངས་རེ་ལ།

ཨ་མས་མ་ཎི་མགུར་དབྱངས་སམ་འོད་

མཚན་འདོན་པའི་

སྒྲ་དབྱངས་སྙན་མོས།

ང་ལ། སྨྲ་བསམ་བརྗོད་འདས་ཚོར་

བ་ཟབ་མོ་ཞིག་ངང་གིས་སྤྲད་འོང་།

  • ལེ་ཚན་སྔོན་མ།:ལོ་བརྒྱའི་བརྩེ་བ།
  • ལེ་ཚན་རྗེས་མ།:མི་ཚེ་སྟོང་བ་ཉིད་ཀྱི་མདོ།