འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་བ9བར་སྒོ་དབྱེ་རྒྱུ།

        2019-09-03

   

འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་བ9བར་སྒོ་དབྱེ་རྒྱུ།

   ཉེ་ཆར་སྨྱུག་འཛིན་པས་འབའ་ཐང་རྫོང་མཚོ་ཕུང་ལུང་པའི་ལྗོངས་ཁུལ་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཨར་ལས་བཀག་སྡོམ་ལོ་གཉིས་རིང་ཙམ་ལ་བྱས་པའི་འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་བ9བའི་ཚེས26ལ་ཕྱི་སྒོ་དབྱེ་རྒྱུ་ཡིན་པ་རེད།             

  རྒྱུས་ལོན་བྱས་པ་ལྟར་ན། ལྗོངས་ཁུལ་དེ་ནི2017ལོའི་ཟླ10བའི་ཚེས་23ཉིན་ནས་བཀག་སྡོམ་བརྒྱབ་ནས་ཨར་ལས་ལས་འགོ་ཚུགས་པ་རེད། ཧ་ཅང་ཕུན་སུམ་ཚོགས་པའི་སྒོ་ནས་ཡུལ་སྐོར་བ་ལ་སྲི་ཞུ་སྒྲུབ་པ་དང་ཡུལ་སྐོར་བ་དག་དགའ་བདེས་ཡོངས་སུ་བརྟས་ཏེ་སྤྲོ་འཆམ་ལ་རོལ་བའི་ཆེད་དུ། ལྗོངས་ཁུལ་གྱིས་མཚོ་ལྷའི་323འགྲོ་ལམ་གྱི་འཇུག་སྒོའི་ཡུལ་སྐོར་ལྟེ་གནས་དང་། ར་མཁན་སྡེ་བ་རུ་སྒོ་སྡོམ་རྒྱུད་ཁུངས་དང་། མཚོ་ཕུའི་ཡུལ་སྐོར་བའི་ལྟེ་གནས་དང་། ཡུལ་སྐོར་གཙང་སྤྱོད་ཁང་། ལྗོངས་ཁུལ་གྱི་རྐང་ལམ་ཕྲ་མོ་དང་མཛེས་ལྗོངས་གཟིགས་སྟེགས། རྩམ་སྟོད་རྩྭ་ཐང་ནས་མཚོ་ཕུའི་བར་གྱི་གློག་འཁོར་ལྷས་ར། རྩམ་སྟོད་རྩྭ་ཐང་ནས་ཤྭ་བསད་ལུང་པའི་དངུལ་གཏེར་བར་གྱི་མཛེས་ལྗོངས་ལྟ་འཁོར་ལྷས་ར། ར་མཁན་ཆུ་ཚན་དང་། སྤང་ཆུང་གི་མཛེས་ལྗོངས་ལྟ་འཁོར་ལྷས་ར། གད་སྙིད་ཕྱིར་ལེན་ས་ཚུགས། མཚོན་རྟགས་དང་མཚོན་བྱང་གི་མ་དཔེ་སོགས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་མ་ལག་ཆ་ཚང་འཆར་བཀོད་ཞིབ་ཕྲ་བྱས་ཡོད། སྤྱི་གཉེར་ཁང་གི་འགན་ལེན་པས་སྐབས་དེར་མཛེས་ལྗོངས་ས་ཁུལ་གྱིས་རྣམ་པ་གསར་རྐྱང་ཞིག་གི་སྒོ་ནས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དག་ལ་དགའ་བསུ་དཔག་མེད་ཞུ་ངེས་ཡིན་ཞེས་བཤད་པ་རེད།

  རང་ཁུལ་གྱི་ཡུལ་སྐོར་ས་གནས་གཙོ་བོ་ཡིན་པའི་མཛེས་ལྗོངས་ས་ཁུལ་ཆེན་མོ་བརྒྱད་ཀྱི་ནང་གསེས་ཤམ་བྷ་ལའི་བླ་སྲོག་སྐྱེ་ཁམས་ཡུལ་སྐོར་སྟེང་དུ་ཧ་ཅང་འགངས་ཆེ་བའི་གནད་ས་ཞིག་ཡིན་པའི་ཆ་ནས། མཚོ་ཕུ་ལུང་པའི་ལྗོངས་ཁུལ་འཛུགས་སྐྲུན་བྱས་པ་དེས་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་སྐོར་ལམ་གྱི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་ཐུབ་ཅིང་། མཚོ་ཕུ་ལུང་པའི་ལྗོངས་ཁུལ་གཙོས་པའི་སྤྲོ་གསེང་དང་། སྐྱེ་ཁམས། རིག་གནས་བཅས་ཡུལ་སྐོར་ཐོན་ཁུངས་གཅིག་གྱུར་གྱིས་གསར་སྤེལ་དང་བེད་སྤྱོད་མགྱོགས་མྱུར་བྱེད་པ་དང་། མཚོ་ཕུ་ལུང་པའི་འཛམ་གླིང་རིམ་པའི་མཐོ་སྒང་སྐྱེ་ཁམས་དང་ཁམས་པའི་རིག་གནས་མྱོང་རོལ་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པར་མ་ཟད། རྒྱལ་ཡོངས་ལ་མཚན་སྙན་ཁྱབ་པ་དང་སྐྱེ་ཁམས་ལྟ་སྐོར་དང་། སྤྲོ་གསེང་། ཁམས་གསོ། ཚན་རིག་རྟོག་དཔྱོད་སོགས་ཀྱི་ནུས་པ་གཅིག་འདུས་ཀྱི་རྒྱལ་ཁབ་ཀྱི་Aལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་སྐུལ་འདེད་ཧུར་ཐག་གཏོང་ཐུབ་པ་རེད།། 


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་སློབ་ཐུན་དང་པོའི་འགོ་ཡག་པོ་བཙུགས།
  • ལེ་ཚན་རྗེས་མ།:ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
  • དོ་སྣང་ཆེ་བའི་རྩོམ།