ལོ་བརྒྱའི་བརྩེ་བ།

རྔ་སྐོར་རྒྱལ་བྷོ།        2019-08-30

ཇི་འདྲའི་སྙིང་དུ་སྡུག་ཅིང་།།

གཏན་དུ་ཞེ་རྩར་ལྷུང་བའི།།

བྱམས་པ་ང་སར་བཅར་རོགས།།

དྲན་པའི་ཟུག་གཟེར་ལྕི་ཨང་།།

འཇམ་པོ་བལ་ལས་ལྷག་རེད།།

དྭངས་མོ་ཆུ་ལས་གསལ་རེད།།

སྙིང་སྡུག་སྨུག་པ་སྲབ་མོ།།

ཡུལ་འདིའི་ཕྱོགས་བཅུར་རྒྱུ་བ།།

གླུ་དེ་སུ་ཡིས་མ་བླངས།།

ཚིག་དེ་མ་བྲིས་རང་གྲུབ།།

ནམ་མཁའ་དྭངས་ཤིང་སྔོ་བ།།

ཡིད་སེམས་དྲག་ཏུ་སྐྱོམ་བྱུང་།།

ངག་དེ་ཆ་ཡོད་རྒྱུས་ཅན།།

གཟུགས་དེར་འདྲིས་ཤིང་གོམས་པ།།

རྨི་ལམ་ནང་ལ་སླེབས་པའི།།

མ་ཤེས་གསང་བ་དེ་ནི།།

ཁྱོད་ཀྱི་དགོད་སྒྲ་ཨེ་རེད།།

ཁྱོད་ནི་པད་མ་དཀར་མོ།།

ཆར་ནང་ང་རང་སྒུག་པའི།།

བསིལ་འཇམ་རླུང་བུ་དེ་རེད།།

སྙིང་སྡུག་གཡུ་ཆུང་དྲུག་དཀར།།

རྐང་རྗེན་ཐང་དུ་བརྒྱུགས་ཏེ།།

དགོང་དྲོ་ང་དང་ལྷན་དུ།།

མཚོ་ཆུང་མཐའ་རུ་ཞུགས་ཤིང་།།

བརྩེ་བའི་གཞས་ཆུང་གཏོང་བ།།

ལོ་བརྒྱའི་དྲན་པ་རེད་ཨང་།།

མེ་ལོང་གས་འགྲོ་མ་གསུང་།།

ཆུ་མོ་བཞུར་འགྲོ་མ་གསུང་།།

བརྩེ་བའི་ཉི་མ་གཞོན་ནུ།།

སྤང་གི་པང་དུ་གཉིད་ཡོད།།

ས་འདི་ང་ཡི་ཕ་ཡུལ།།

མི་འདི་ང་ཡི་སྙིང་སྡུག།

ལོ་བརྒྱར་ཡལ་དུ་མེད་པ།།

ངེད་གཉིས་མཉམ་པོར་བསྡད་དེ།།

ཟླ་འོད་གདོང་དུ་འཚེར་ཞིང་།།

སྐར་ཚོགས་མིག་མཐར་ཟེགས་པའི།།

མཚོ་མཐའི་མཚན་མོ་དེ་རེད།།

  • ལེ་ཚན་སྔོན་མ།:​དགེ་རྒན་དང་སློབ་མ།
  • ལེ་ཚན་རྗེས་མ།:​ཕལ་མིའི་སེམས་ཚོར།