མ་ཡིག་གི་བརྗོད་དོན་ཇེ་གསལ་དུ་གཏོང་ཐབས་སྐོར་རགས་ཙམ་གླེང་བ།

བདེ་ཆེན་དབང་མོས་བྲིས།        2019-08-28

     ནང་དོན་གནད་བསྡུས།  དཔྱད་རྩོམ་འདིའི་ནང་མ་ཡིག་གི་བརྗོད་དོན་ཇེ་གསལ་དུ་གཏོང་བའི་ཆེད་སྣོན་སྒྱུར་དང་འཕྲི་སྒྱུར། ཡུལ་སྲོལ་དང་མཐུན་པར་བསྒྱུར་བ། དུས་འགྱུར་དང་བསྟུན་པ། ཐ་སྙད་གསར་པ་གང་འཚམ་སྤྱད་པ་བཅས་ཀྱི་ཐབས་སྤྱད་དེ་བརྗོད་དོན་ཇེ་གསལ་དུ་ཇི་ལྟར་བཏང་ཚུལ་རང་གི་ལོ་ཙཱའི་མྱོང་བ་དང་སྦྲགས་ཏེ་བཀོད་ཡོད།

     བརྡ་ཆད་གཙོ་བོ།   མ་ཡིག    བརྗོད་དོན།  ཇེ་གསལ།  གཏོང་ཐབས།  

     སྤྱིར་ལོ་ཙཱ་བྱ་བར་འཇུག་པའི་སྐབས་སུ་བསྟན་བྱའི་དོན་དང་མི་འགལ་བ་དང་གཅིག རྗོད་བྱེད་ཚིག་གི་སྦྱོར་བ་བརྡ་སྤྲོད་ལུགས་དང་མཐུན་ཞིང་གནས་ལ་འཚམ་པ་དང་གཉིས། བརྗོད་པའི་ཉམས་འགྱུར་མ་ཡིག་དང་གཅིག་མཚུངས་ཡིན་པ་གསུམ་གྱི་རྩ་དོན་བརྩི་སྲུང་ཡག་པོ་བྱས་ན་མ་ཡིག་གི་བརྗོད་དོན་ཇི་བཞིན་ཐོན་ཐུབ་མོད། འོན་ཀྱང་ཚད་གཞི་དེ་དག་ལོ་ཙཱའི་ལག་ལེན་ལ་དངོས་སུ་བསྟར་དགོས་ན་ལོ་ཙཱ་བའི་ཆུ་ཚད་མི་འདྲ་བར་བརྟེན་ནས་འགྱུར་ཡིག་གི་སྤུས་ཀ་བཟང་ངན་བར་མ་གང་རུང་ཐོན་ཡོང་བ་ནི་ཆོས་ཉིད་རེད། ལོ་ཙཱའི་ལག་ལེན་ཁྲོད་དུ་གཤམ་གྱི་ལོ་ཙཱའི་ཐབས་འགའ་དམིགས་སུ་བཏོན་ནས་མ་ཡིག་གི་བརྗོད་དོན་ཇེ་གསལ་དུ་གཏོང་ཆོག་སྟེ། 

      གཅིག སྣོན་སྒྱུར་དང་འཕྲི་སྒྱུར་བྱས་ནས་མ་ཡིག་གི་བརྗོད་དོན་ཇེ་གསལ་དུ་གཏང་དགོས།

     སྣོན་སྒྱུར་དང་འཕྲི་སྒྱུར་ཞེས་པ་ནི་མ་ཡིག་གི་ནང་དོན་ལ་གཞིགས་ནས་བརྗོད་དོན་ཇེ་གསལ་དུ་ཡོང་ཆེད་ཐ་སྙད་དང་ཚིག་སྦྱོར་སྣོན་འཕྲི་གང་འོས་བྱེད་པའི་སྒྱུར་ཐབས་བྱེ་བྲག་པ་ལ་གོ་ཞིང་། ལོ་ཙཱ་མཁས་པའི་ཚད་ཞིག་ཀྱང་བརྩིས་ཆོག  ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་སྒྱུར་སྐབས་གོང་འོག་གི་ཡིག་ཕྲེང་ཁ་ཤས་ལ་བསྟུན་ནས་གོ་བ་བླངས་ཏེ་བསྒྱུར་དགོས་ཞེས་གསུངས་པའི་ཤུགས་བསྟན་དུ་མ་ཡིག་གི་བསྟན་དོན་ཇི་བཞིན་དུ་མཚོན་ཐུབ་ཆེད་འགྱུར་ཡིག་ལ་སྣོན་འཕྲི་གང་འཚམ་དགོས་པ་གོ་ཐུབ་པ་རེད། དེ་ཡང་ལོ་ཙཱ་ནི་སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་ཏེ་དམ་པ་མཐར་ཕྱིན་པ་དང་འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ལ་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱ་འགུལ་ཞིག་ཡིན་པས། གསར་གཏོད་ཀྱི་རང་བཞིན་འབུར་དུ་ཐོན་ཐུབ་དགོས། སྣོན་སྒྱུར་དང་འཕྲི་སྒྱུར་ཡང་གསར་གཏོད་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། ལོ་ཙཱ་བས་གནས་ཚུལ་ག་འདྲའི་འོག་ཏུ་སྣོན་འཕྲིའི་སྒྱུར་ཐབས་སྤྱད་དགོས་པ་ལ་བྱང་ཆུབ་པ་བྱ་དགོས། དེའི་གནད་འགག་ཀྱང་སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་བརྡའི་ཁོར་ཡུག་ལ་འཕྲོད་མིན་དང་། བསྟན་དོན་ཇི་བཞིན་མཚོན་ཐུབ་མིན། ཕྲད་རྣམ་དབྱེ་སྣོན་འཕྲི་དགོས་མིན་བཅས་ལ་དཔྱད་པ་གང་ལེགས་བྱ་དགོས་པར་ཐུག་ཡོད། དཔེར་ན། 灾后重建58套房子”ཞེས་པ་དང་“海螺沟景区接待游客100万人次”ཞེས་པའི་དཔེ་མཚོན་གཉིས་ལ་བལྟས་ན། རྒྱ་ཡིག་གི་སྐད་བརྡའི་ཁོར་ཡུག་ལ་“套”ཞེས་པ་དང་“人次”ཞེས་པ་འཕྲོད་ཀྱང་བོད་ཡིག་ལ་མེད་ཀྱང་བསྟན་དོན་རང་ཤུགས་སུ་གོ་འགྲོ་བས་འཕྲི་སྒྱུུར་བྱས་ཏེ་གནོད་སྐྱོན་ཐེབས་རྗེས་ཁང་པ58བསྐྱར་འཛུགས་བྱས་ཡོད་ཅེས་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་འགྲུལ་པ་ས་ཡ་གཅིག་ལ་སྣེ་ལེན་བྱས་ཡོད་ཅེས་བསྒྱུར་ན་བརྗོད་དོན་གོ་བདེ་བ་ལས། གནོད་སྐྱོན་ཐེབས་རྗེས་ཁང་པ་“ལེ་ལག་ཆ་འགྲིག”58བསྐྱར་འཛུགས་བྱས་ཡོད་ཅེས་པ་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་འགྲུལ་པ་“མིའི་ཐེངས་”གྲངས་ས་ཡ་གཅིག་ལ་སྣེ་ལེན་བྱས་ཡོད་ཅེས་བཙན་བསྒྱུར་བྱ་མི་དགོས་པ་རེད། ཡང་དཔེར་ན“海水不可斗量”ཞེས་པའི་དཔེ་མཚོན་དེ་ནི་ཕྱི་ལ་བལྟས་ནས་ནང་གི་ཤེས་རྒྱ་ཧ་མི་གོ་བའི་དོན་ལ་འཇུག་པས། སྒྱུར་དུས་རྒྱ་མཚོ་བྲེ་ལ་འཇལ་ནས་དཔངས་མི་དཔོག་ཅེས་པའི་རྨང་གཞིའི་ཐོག་མི་ཡི་ཕྱི་ལ་བལྟས་ནས་རྒྱུས་མི་ལོན་ཞེས་སྣོན་སྒྱུར་བྱས་ན་བསྟན་དོན་ཇི་བཞིན་མཚོན་ཐུབ་པ་ལྟ་བུ་རེད། དེ་བཞིན་རྒྱ་ཡིག་ཏུ“四个自信”“四个意识” “两个维护”ཟེར་བ་ལྟ་བུའི་རིགས་ལ་བསྟན་དོན་ཁ་གསལ་དུ་ཡོང་ཆེད་གདེང་ཚོད་བཞི་དང་འདུ་ཤེས་བཞི། སྲུང་སྐྱོང་གཉིས་བཅས་གང་དང་གང་ཡིན་པ་རེ་རེ་བཞིན་ཁ་གསལ་བྱ་དགོས། ཡང་དཔེར་ན།  “通过召开会议”ཞེས་པར་ཚོགས་འདུ་འཚོགས་པ་བརྒྱུད་ནས་ཞེས་ཐད་བསྒྱུར་རིས་མལ་བྱེད་མི་ཆོག་པ་མིན་མོད། འོན་ཀྱང་ཚོགས་འདུ་འཚོགས་ནས་ཞེས་“ནས་”སྒྲས་གོ་ཆོད་པར་བྱས་ན་ཚིག་འགྲོས་གཙང་ལ་གོ་བདེར་ཡོང་ཐུབ། དེ་བཞིན“我州各地开展建州70周年庆典活动”ཞེས་པར་མཚོན་ན། རང་ཁུལ་གྱི་ས་གནས་ཁག་གིས་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞེས་བསྒྱུར་ན་མི་འགྲིག་རྒྱུ་མེད་མོད། འོན་ཀྱང་རང་ཁུལ་ས་གནས་ཁག་གིས་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞེས་འབྲེལ་སྒྲའི་ཕྲད་“གྱི”འཕྲིས་པ་ཡིན་ན་ཚིག་ཚོགས་ཉུང་ཞིང་གཙང་བའི་ཁྱད་ཆོས་མངོན་ཐུབ་པ་རེད། དེ་ལྟར་མ་ཡིག་གི་ནང་དོན་ལ་གཞིགས་ནས་ཕྲད་རྣམ་དབྱེ་གང་ལ་གང་འཚམ་སྣོན་འཕྲི་བྱེད་ཤེས་པ་གལ་ཆེའོ།། 

     གཉིས། ཡུལ་སྲོལ་དང་མཐུན་པར་བསྒྱུར་ནས་བརྗོད་དོན་ཇེ་གསལ་དུ་གཏང་དགོས།

     ཡུལ་སྲོལ་དང་མཐུན་པར་བསྒྱུར་བ་ཞེས་པ་ནི་མ་ཡིག་གི་ནང་དོན་ལ་དམིགས་ནས་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་བསྟུན་ནས་གོ་བདེར་བསྒྱུར་བའི་སྒྱུར་ཐབས་བྱེ་བྲག་པར་ཟེར་ཞིང་། ལོ་ཙཱའི་ཁྲོད་དུ་ཡུལ་སྲོལ་དང་མཐུན་པར་བསྒྱུར་པའི་ཕན་ཡོན་ཡང་འགྱུར་ཡིག་གོ་སླ་རུ་འགྲོ་བ་དེ་ཡིན་ལ། ཡུལ་གྱི་གོམས་པའི་གཤིས་ལུགས་ཀྱི་ཁྱད་པར་མི་བལྟས་པར་རིས་མལ་རིས་རྒྱུག་གིས་ལོ་ཙཱའི་བྱ་བར་འཇུག་པ་ཡིན་ན་འགྱུར་ཡིག་དཀའ་གྱོང་མཁྲེགས་གསུམ་དུ་འགྱུར་ཉེན་ཆེ་བ་དང་། ལྷག་པར་རྒྱ་ཡིག་གི་ཁ་དཔེ་དང་ཤུགས་བསྟན་གཏམ་དཔེ་སྒྱུར་བའི་སྐབས་སུ་ཡུལ་སྲོལ་དང་མཐུན་པར་བསྒྱུར་ཤེས་པ་གནད་འགག་ཤིན་ཏུ་ཆེ། དཔེར་ན“千磨万击还坚劲,任尔东西南北风”ཞེས་པའི་དཔེ་མཚོན་དེར་བལྟས་ན།  “东西南北”ཞེས་པ་ནི་རྒྱ་ཡིག་གི་རྒྱུན་འཇགས་སྐད་བརྡའི་གོ་རིམ་“东南西北”ལས་གོ་རིམ་འཁྲུག་ཡོད་ཀྱང་དེ་ཙམ་བརྗོད་མི་བདེ་བ་མི་འགྲོ་ལ།  བོད་སྐད་ལ་ཤར་ལྷོ་ནུབ་བྱང་ཞེས་སྐད་བརྡའི་གོ་རིམ་དེ་མང་ཚོགས་ཀྱི་ཁ་ལ་བྱང་ཡོད་པས་གོ་རིམ་འཁྲུག་ནས་ཤར་ནུབ་ལྷོ་བྱང་ཞེས་ཟེར་ན་དེ་ཙམ་བརྗོད་མི་བདེ་བ་རེད། དེས་ན་བོད་ཀྱི་ཡུལ་སྲོལ་དང་མཐུན་པར“ངལ་དུབ་བརྒྱ་ཕྲག་ཐུག་ཀྱང་སྟོབས་ལྡན་པས།། ཤར་ལྷོ་ནུབ་བྱང་རླུང་ལ་འཛེམས་དོན་ཅི།།”ཞེས་བསྒྱུར་ན་བསྟན་དོན་དེ་བས་གོ་སླ་བ་རེད། ཡང་དཔེར་ན། “鼠窜狼奔”ཞེས་པར་སྙིང་མེད་སྡར་མའི་རིགས་ཕྱོགས་བཞི་བྲོས་པའི་ཚུལ་བསྟན་པའི་དཔེ་ཡིན་ཞིང་རྒྱ་རིགས་ཀྱི་ཡུལ་སྲོལ་ལྟར་ན་སྡར་མའི་རིགས་ལ་དཔེ་བྱི་བ་བཞག་པ་དང་། བོད་རིགས་ལྟར་ན་ཝ་བཞག་སྲོལ་ཡོད་པས། ཡུལ་སྲོལ་དང་མཐུན་པ་ཝ་བྲོས་སྤྱང་རྒྱུག་ཅེས་བསྒྱུར་ན་གོ་བདེ་བ་ལས་བྱི་བྲོས་སྤྱང་རྒྱུག་ཅེས་བསྒྱུར་མི་རུང་བ་རེད།  ཡང་དཔེར་ན།“要树立远大理” ཞེས་པར་ཕུགས་འདུན་ཆེན་པོ་བཅང་དགོས་ཟེར་བ་ལས་ཕུགས་འདུན་ཆེན་པོ་འཛུགས་དགོས་མི་ཟེར་བ་དང་། 农业税ཞེས་པར་ལོ་ཐང་ཞེས་ཡོད་བཞིན་དུ་ཞིང་ལས་དཔྱ་ཁྲལ་ཞེས་བསྒྱུར་མི་དགོས། 鸡蛋里面挑骨头ཞེས་པར་མར་གྱི་ནང་ནས་སྤུ་བསལ་བ་ཞེས་བསྒྱུར་བ་དང་། 马后炮ཞེས་པར་བོང་བུ་སྔོན། ས་ཐལ་རྗེས་ཞེས་བསྒྱུར་བ། 占着茅坑不拉屎ཞེས་པར་མ་ཎི་རང་གིས་མི་འདོན། ཕྲེང་བ་མི་ལ་མི་སྤྲོད། ཅེས་བསྒྱུར་བ། 千里马拉犁-大材小用ཞེས་པར་ཙན་དན་གྱི་དབྱུག་པ། གོས་ཆེན་གྱི་ཐབ་ཕྱིས།  ཞེས་པ་བསྒྱུར་བ་ལྟ་བུ་ཡུལ་སྲོལ་དང་མཐུན་པ་བསྒྱུར་ན་བསྟན་དོན་ཇི་བཞིན་དུ་གོ་སླ་བའོ།། 

     གསུམ། དུས་འགྱུར་དང་བསྟུན་ནས་བརྗོད་དོན་ཇེ་གསལ་དུ་གཏང་དགོས།

     དུས་འགྱུར་དང་བསྟུན་ནས་བསྒྱུར་བ་ཞེས་པ་ནི་བསྟན་དོན་ཁྲོད་བདག་གཞན་དུས་གསུམ་གྱི་འགྱུར་བ་ལ་གཞིགས་ནས་བྱ་ཚིག་བེད་སྤྱོད་གང་འཚམ་གཏོང་ཚུལ་གྱི་སྒྱུར་ཐབས་བྱེ་བྲག་པ་ལ་ཟེར་ཞིང་། དེ་ཡང་རྒྱ་སྐད་དང་བོད་སྐད་ལ་མཚོན་ན་བརྡ་སྤྲོད་གྲུབ་ཚུལ་ཐད་ཀྱི་ཁྱད་པར་ཆེ་ཤོས་ནི་བྱ་ཚིག་གང་ལ་གང་འཚམ་གྱིས་སྤྱད་རྒྱུ་དང་གདམ་ག་གནད་ལ་འཁེལ་བ་བྱ་རྒྱུ་དེ་རེད། བོད་སྐད་ལ་བྱ་བྱེད་ཐ་དད་མིན་དང་དུས་གསུམ་སྟོན་བྱེད་ཀྱི་བྱ་ཚིག་ཡོད་ཅིང་དེའི་ཐོག་ནས་བདག་གཞན་དང་འདས་མ་ད་གསུམ་གྱི་དུས་འགྱུར་དབྱེ་བ་ཡང་རང་ཤུགས་སུ་ཕྱེ་ཐུབ་པ་དང་། རྒྱ་ཡིག་གི་དུས་འགྱུར་བསྟན་པའི་བྱ་ཚིག་ལ་བསྣན་ཚིག་སོགས་རམ་ཚིག་མ་སྦྱར་ན་དུས་འགྱུར་གྱི་ཁྱད་པར་གསལ་པོར་བསྟན་མི་ཐུབ་པ་རེད། ལོ་ཙཱའི་ཁྲོད་དུ་བྱ་ཚིག་གི་ཐུན་མིན་སྤྱོད་སྟངས་འདི་ལ་བྱང་ཆ་མེད་ན་བརྗོད་དོན་ཇི་བཞིན་དུ་མཚོན་དཀའ་བ་རེད།  དཔེར་ན། “行百里者半九十”ཞེས་པར་ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ།། ཞེས་དགུ་བཅུ་བཅད་པ་ཞེས་པའི་ཐ་དད་པའི་བྱ་ཚིག་དེ་ཆོད་པ་ཞེས་ཐ་མི་དད་པའི་བྱ་ཚིག་སྟེ་བཅད་ནས་ཆོད་པ་རུ་བསྒྱུར་བ་ཡིན་ན་མ་ཡིག་གི་བསྟན་དོན་དང་དེ་བས་མཐུན་ཤས་ཆེ་བ་རེད་སྙམ་ཏེ། ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།། དགུ་བཅུ་ཆོད་པ་ལམ་ཕྱེད་ཙམ་ཞེས་པ་ལྟ་བུའོ།། རྒྱའི་སྐད་ཡིག་ཁྲོད་ཀྱི“完成、结束、达到、实现”ཞེས་པར་བོད་ཡིག་ཏུ་ལེགས་གྲུབ་དང་མཇུག་འགྲིལ། བསླེབས་པའམ་འབྱོར་བ། མངོན་གྱུར་རམ་གྲུབ་པ་སོགས་དུས་གསུམ་ལས་འདས་ཚིག་ལྟར་བསྒྱུར་ཆོག་ལ། དེ་དག་གི་སྔོན་ལ“将、要、还”ལ་སོགས་པའི་བསྣན་ཚིག་ཡོད་པའི་ཚེ། རྒྱ་ཡིག་ལ་དུས་མ་འོངས་པ་སྟོན་བྱེད་དུ་གྱུར་ཅིང་བོད་ཡིག་ཏུ་བྱ་ཚིག་མ་འོངས་པ་འགྲུབ་དང་བསླེབ་དང་འགྱུར་སོགས་རྐྱང་པས་མཚོན་ཆོག་ལ། བྱ་དང་རྒྱུ་དང་དགོས་དང་། དེ་བཞིན་འབྱུང་དང་རན་སོགས་རམ་འདེགས་ཚིག་བསྣན་ནས་དུས་མ་འོངས་པ་ཡང་བསྟན་ཆོག ཡིན་ན་ཡང་དུས་ད་ལྟ་བ་དང་དུས་འདས་པའི་བྱ་ཚིག་གི་སྔོན་དུ་གོང་གི་མ་འོངས་པ་སྟོན་བྱེད་ཀྱི་རམ་འདེགས་ཚིག་མཉམ་སྤྱོད་བྱེད་མི་ཆོག་པ་དཔེར་ན། བྱེད་རྒྱུ་དང་བྱས་རྒྱུ། སྒྲུབ་བྱ་དང་བསྒྲུབས་བྱ་སོགས་ཟེར་སྲོལ་བོད་ཀྱི་སྐད་ཡིག་ལ་མེད་པས་དེ་ལྟར་སྤྱོད་མི་རིགས། དེ་བཞིན་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་བསྒྲུབས་དང་སྒྲུབ་བཞིན་ཡོད། བྱས་དང་བྱེད་བཞིན་ཡོད། བྱུང་དང་འབྱུང་བཞིན་ཡོད། དེ་དང་ཆབས་ཅིག  དེ་དང་སྦྲགས། དེ་ལས་ཀྱང་། ད་སྔ་དང་ད་ཆ་སོགས་བྱ་དངོས་ཀྱི་དུས་འགྱུར་འཕེལ་རིམ་མཚོན་པའི་ཚིག་ཕྲད་སྤེལ་མས་དོན་བསྟན་ཚུལ་དེའི་རིགས་ཀྱང་ལོ་ཙཱའི་ཁྲོད་དུ་བེད་སྤྱོད་གང་ལེགས་བྱ་དགོས་སོ།། 

      བཞི། ཐ་སྙད་གསར་པ་གང་འཚམ་སྤྱད་དེ་བརྗོད་དོན་ཇེ་གསལ་དུ་གཏང་དགོས།

      དུས་རབས་གསར་པར་དངོས་པོ་གསར་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད་པས་ལོ་ཙཱ་བས་གསར་བྱུང་ཐ་སྙད་དག་བོད་སྐད་དུ་གང་འཚམ་ཞིག་གཏན་ལ་ཕབ་སྟེ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ཏེ་འགྱུར་ཡིག་གི་བརྗོད་དོན་ཇེ་གསལ་དུ་གཏོང་ཆོག གསར་བྱུང་ཐ་སྙད་ཀྱིས་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་མཐུན་རྐྱེན་བསྐྲུན་ཡོད་ལ། ལོ་ཙཱའི་ཁྱབ་ཁོངས་ལ་འགྲན་སློང་ཡང་བྱས་ཡོད། ཐ་སྙད་གསར་པ་གང་འཚམ་སྤྱད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཐ་སྙད་གསར་པ་གང་འཚམ་བསྒྱུར་རྒྱུ་དེ་ཡིན་ལ། ཐ་སྙད་གསར་པ་སྣ་ཚོགས་བསྒྱུར་བའི་བརྒྱུད་རིམ་ཞིབ་ཕྲའི་ནང་ཐ་སྙད་རང་གི་གོ་དོན་དང་། མ་ཡིག་གི་ནང་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་། སྐད་ཡིག་གི་ཞིབ་ཕྲའི་ཁོར་ཡུག་སོགས་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་སྒྱུར་ཐབས་སྣ་མང་སྤྱད་དེ་བོད་རང་གི་སྐད་ལ་ཡོད་པ་ཞིག་ཡིན་ཕྱིན་དེ་ཉིད་ཐོག་མར་སྤྱད་རྒྱུ་དང་། དེ་མེད་པ་ཡིན་ན་ལོ་ཙཱ་མཁས་ཆེན་རྣམ་པས་བསྲེགས་བཅད་བརྡར་གསུམ་བརྒྱུད་ནས་ཐ་སྙད་གསར་པ་བཀས་བཅད་གཅིག་གྱུར་བྱས་ཟིན་པ་རྣམས་སྡེ་ཚན་ཁག་གིས་བེད་སྤྱོད་གང་ལེགས་བྱ་དགོས། དཔེར་ན། གོང་མ་“顺治”( ཧྲུན་ཀྲི་) ལ་བོད་ཀྱི་མཚན་ཐབས་སྐྱོང་རྒྱལ་པོ་ཞེས་ཆགས་ཟིན་པས་ཡིན་གཅིག་མིན་གཉིས་སྒྲ་བསྒྱུར་བྱ་དགོས་དོན་མེད་པ་ལྟ་བུ་དང་།  དེ་བཞིན“居民、 村民、市民”ཞེས་པ་ལ་གཞིས་པ་དང་གྲོང་པ། གྲོང་ཁྱེར་པ་ཞེས་ཟེར་ཆོག་མོད་སྡོད་དམངས་དང་སྡེ་དམངས། གྲོང་དམངས་ཞེས་བསྒྱུར་མི་དགོས་པ་དང་། “管理人员”ཞེས་པ་ལ་གཉེར་པ་ཞེས་མིང་འོས་འཚམ་ཞིག་ཡོད་བཞིན་དུ་དོ་དམ་མི་སྣ་ཞེས་མི་བསྒྱུར་ན་མཛེས་པ་དང་།  “加工”ཞེས་པ་ལ་སྦྱོར་བ་ཞེས་ཡོད་བཞིན་དུ་ལས་སྣོན་ཞེས་བསྒྱུར་མི་དགོས། ཡང་དཔེར་ན抖音ཞེས་པར་ལག་པ་འཁྱུག་འཁྱུག་བྱེད་པ་དང་དབྱིངས་ཞུགས་རྒྱུ་ཡོད་པ་སྟེ་སྒྲ་དོན་གཉིས་ཆ་ནས་གོ་བ་ལེན་ཆོག་པ་འཁྱུག་དབྱིངས་ཞེས་བསྒྱུར་བ་བཀས་བཅད་ཟིན་པ་ལ། འདར་སྒྲ་དང་འཛེར་སྒྲ། ཐུང་བརྙན་སོགས་བེད་སྤྱོད་མ་བྱེད་ན་ཡག་པ་རེད། དེ་བཞིན“接地气”ཞེས་པར་མང་ཚོགས་དང་འབྲེལ་འདྲིས་ཞེས་པ་དང་། “靠谱”ཞེས་པར་ཁ་བཤད་དོན་གནས་ཞེས་པ། “初赛、复赛、决赛”ཞེས་པར་ཐོག་འགྲན་དང་བསྐྱར་འགྲན། མཐའ་འགྲན་ཞེས་གཏན་ལ་ཕབ་ཟིན་པ་རྣམས་ཀྱིས་མཚོན་བཀས་བཅད་ཟིན་པའི་གསར་བྱུང་ཐ་སྙད་རྣམས་ལོ་ཙཱའི་ཁྲོད་དུ་ཇི་བཞིན་དུ་ལག་ལེན་བསྟར་དགོས་པ་ལས་རང་གི་མོས་པ་བཞིན་གང་འདོད་འདོད་དུ་བསྒྱུར་བའི་སྲོལ་ངན་འདི་རང་རྩ་ནས་བཟུང་སྟེ་འདོར་དགོས་སོ།།

      མདོར་ན། གོང་དུ་བཤད་པ་ལྟར་ལོ་ཙཱ་བས་ནམ་རྒྱུན་དོ་ཁུར་ཆེར་མི་བྱ་བའི་སྣོན་འཕྲི་དང་ཡུལ་སྲོལ་དང་མཐུན་པ། དུས་འགྱུར་དང་མཐུན་པ། ཐ་སྙད་གསར་པ་གང་འཚམ་སྤྱད་པ་བཅས་ཀྱི་སྒྱུར་ཐབས་བྱེ་བྲག་པ་ཁོང་དུ་ཡང་དག་པར་ཆུད་པ་ཡིན་ན། འགྱུར་ཡིག་དག་པོ་ཞིག་ཡོང་བ་གདོན་མི་ཟའོ།།


  • ལེ་ཚན་སྔོན་མ།:རྩོམ་རིག་སྒྱུ་རྩལ་གྱི་པར་ངོས་ཇུས་འགོད་བྱེད་ཚུལ་སྐོར་ཅུང་ཟད་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།