སྙན་ངག་ནི་ངའི་བུ་རྒྱུད་དང་ཆུང་མ་ཡིན།

དབང་གྲགས་རྡོ་རྗེ།        2019-08-27

ང་ལ་བུ་ཆུང་པྲ་ཆལ་ཞིག་ཡོད།

ཁོང་རང་ཉིད་ཞེན་པའི་བྱ་དངོས་ཡོད་ཚད་བདག་སྐྱོང་གནང་ཐུབ།

ཁོང་ལ་རྩ་དོན་གྱི་རྣམ་གཞག་ཤིན་ཏུ་བརྟན།

དེ་ནི་ཁོའི་རང་གཤིས་སུ་གྲུབ་པའི་བློ་མིག་ཡིན།

ངའི་བུ་ཆུང་གི་མིང་ལ་སྙན་ངག་ཟེར།

ཁོང་ནི་ངའི་མི་ཚེའི་འོད་སྣང་གི་རྒྱབ་རི་ཡིན།

ཁོང་ལ་གཏན་ཚུགས་ཤིག་ཡོད་པ་ནི་རིགས་ཞེན་ཁོ་ནའོ།།


ང་ལ་བུ་མོ་སྙིང་རྗེ་ཞིག་ཡོད།

ཁོ་མོས་ཆུང་དུས་ནས་དབྱངས་གསལ་གྱི་བདག་པོ་ང་ཡིན་ཟེར།

ཕ་སྐད་ནི་མི་རིགས་ཤིག་གི་བླ་སྲོག་ཡིན།

དེ་ནི་ཁོ་མོའི་ཕུགས་བསམ་གྱི་རེ་འདུན་ཡིན།

ངའི་བུ་མོའི་མིང་ལ་སྙན་ངག་ཟེར།

ཁོ་མོ་ནི་ངའི་སྐྱབས་གནས་ཀྱི་ནོར་བུ་ཡིན།

སྤྱི་དམངས་ལ་ལྷག་བསམ་བཅངས་བ་ནི་ཁོ་མོས་དམིགས་སུ་གྲུབ།


ང་ལ་སེམས་མཐུན་གྱི་ཆུང་མ་ཞིག་ཡོད།

གངས་རི་དང་སྤང་ལྗོངས་སོགས་ནི་ཆུང་མའི་ཕ་ཡུལ་ཡིན་པས།

ཁོ་མོས་རང་གི་ཚེ་སྲོག་ལས་ཀྱང་གཅེས་སུ་ངེས།

དེ་ནི་ཆུང་མས་འབྱུང་འགྱུར་ལ་བསམ་གཞིགས་བཏང་བའི་ཁ་དོག་ཡིན།

ངའི་ཆུང་མའི་མིང་ལ་སྙན་ངག་ཟེར།

ཆུང་མ་ནི་ངའི་སྐྱིད་སྡུག་བཅོལ་བའི་དཀོན་མཆོག་ཡིན།

འཁོར་བའི་སྙིང་བོ་ལ་ཀ་ཁའི་དྲི་གསུང་ཐིམ་པའི་བདག་མོ་ནི།

ངའི་བྱང་སྟོད་དུ་མཚེའུ་ལྟར་འཁྱིལ་བའི་ཆུང་མ་རེད།

ཁོ་མོར་མིག་རྒྱང་རིང་བའི་མེ་ལོང་ཞིག་ཡོད།


  • ལེ་ཚན་སྔོན་མ།:ཨ་ཕ་ལགས། སེམས་ཀྱི་གངས་རི།
  • ལེ་ཚན་རྗེས་མ།:མགུར་མ་མགུར་ལ་དྲངས་བའི་ངག