གསོང་བོར་གློད་ན།

གུ་དཔལ་ཤིས།        2019-08-19

ངས་རང་གི་མིག་ཟུང་སྤྱད་དེ་དྲང་ཚུགས་ཀྱིས་ཁྱོད་ལ་ལྟ་ཐུབ་ཀྱིན་མི་འདུག

བསླུ་བྲིད་ཀྱིས་ཟིན་པའི་མིག་ཟུང་ཁྱོད་ལ་བསྟན་འདོད་མི་འདུག


ངས་རང་གི་ལག་པས་ཁྱོད་ཀྱི་སྐྲ་ལོ་བྱིལ་བྱིལ་ཕོད་ཀྱིན་མི་འདུག

འབག་བཙོག་གིས་སྦགས་པའི་དྲི་བག་ཁྱོད་ལ་དགོས་འདོད་མི་འདུག


ངས་ཤ་ཁྲག་གིས་གྲུབ་པའི་སྡུག་ཕུང་འདི་ཁྱོད་ལ་འབུལ་འདོད་མི་འདུག

འབྱུང་བཞི་འཁྲུག་པའི་བེམ་ཀོག་འདིས་ཅི་ཞིག་འཇོན་གྱིན་མི་འདུག


ངས་རྒྱང་རིང་ན་རྨི་ལམ་ཡོད་ཅེས་ཁ་ཤོམ་རྒྱག་ཐུབ་ཀྱིན་མི་འདུག

སྒྱིད་ལུག་གིས་ཟིན་པའི་གོམས་གཤིས་སྒྱུར་ཐབས་མི་འདུག


འོན་ཏང་དྲན་གདུང་ནང་གི་ན་ཟུག

ནམ་ཡང་འཇགས་དུས་ཤིག་མ་རེད།


ཕ་ཡུལ།   དུས་ཚོད།


ཕ་ཡུལ་གྱི་པང་དུ་མགོ་བསྙེས་ནས་ཁ་གནམ་ལ་འཁོར་ནས་ཉལ་འདུག་ཡོད།

ཕ་ཡུལ་ཡང་ང་ཇི་བཞིན་གཉིད་དུ་ཡུར་བའི་མཚན་སྨག་ཅིག་ཏུ་སླེབས་

འདུག་ཡོད་པར་འདྲ།

ཀུ་ཅོ་འདོན་པ་ཁྱི་རྒན་དག   འབྲེལ་མེད་ཀྱི་སྐམ་ཚོམ་བལྟས་ནས་འབ་ཀྱིན་འདུག

གཙང་བོ་ནི་མཚམས་མི་ཆད་པར་མདུན་དུ་བཞུར་ནའང་།

འུ་ཚོས་ཚོར་སྣང་གི་མིག་ཟུར་ཙམ་ཡང་མི་ཕྱོགས་པར་གཡེལ་འདུག

སྨྲ་བའི་ངག་སྒྲོས་གཟེར་མ་བཏབ་ནས་ཡུན་རིང་འགོར།

གདུག་རྩུབ་ཀྱིས་བབས་པའི་ཁ་བ་འདི་རྟེན་འབྲེལ་གྱི་ཉི་མ་གཞན་ཞིག་འཆར་བ་ལས།

དགུན་གཞུང་གི་ཉི་འོད་ཇི་ལྟར་འཚེར་རུང་།  

དྲག་རླུང་འཚུབ་མ་ཇི་ལྟར་རྒྱག་རུང་གཏན་དུ་འཇུ་ཐབས་མི་འདུག



དྲན་པ་གདུང་ཚུལ་ཞིག


སྣང་བའི་དྲན་གདུང་གི་ཤོག་ལྷེ་ངོས་སུ།

འབུར་དོག་ཏུ་བརྐོས་པའི་ཚོར་བའི་དབྱངས་གསལ།


ཁྱོད་ནི་ནམ་སྨད་ཀྱི་དུས་ཚོད་འཛིན་པའི་དེ་ཕོ་ཡིན་ནམ།

དེ་ཡང་ནམ་ལངས་ཀྱི་སྐྱ་རེངས་ད་དུང་ཤར་ཚོད་ཅིག་མ་རེད།


བྱིས་དུས་ཀྱི་རྨི་ལམ་ཐོག་མར་འཆར་འགོད་བྱེད་སའི་རི་ལུང་དེ་ནས།

ངའི་རྩེད་རོགས་ཀྱི་ནུ་བོ་ཆུང་ཆུང་ཡང་ད་ལྟ་གང་དུ་ཡོད་དམ།

འུ་གཉིས་ཀྱིས་རྩེ་བཞིན་པའི་ཕྱུག་པོ་གནམ་གྱི་ཀ་བ་དེའང་གང་དུ་བཞུད་སོང་།


དྲན་པ་ཤུགས་ཀྱིས་གདུང་བའི་གཟུགས་མེད་པའི་ཚོར་བ་དེས།

དགུན་གཞུང་གི་གྲང་ལྷགས་ལས་རྒོད་པའི་འཁྱག་སོབ་སོབ་ཀྱི་མཚན་མོ་འདིར།

ཁྱོད་ཁོ་ན་དྲན་པའི་སྒོ་གླེགས་རྡུང་མཁན་གྱི་རྒྱང་རིང་གི་ཁེར་རྐྱང་དེ་ཡིན་ནམ།

གདོང་གི་འཛུམ།


ཟོལ་གྱིས་མ་ལྷད་པའི་འཛུམ་མདངས་དེ།

མི་ཚོས་ཟོང་དང་བརྗེ་བཞིན་ཡོད་པ་འདྲ།


འཛུམ་མདངས་ཡལ་ཚར་བའི་ཉིན་དེར།

ཟོལ་གྱི་འཛུམ་ཆུང་ཡང་བོར་ནས་རྙེད་ཐུབ་ཀྱིན་མི་འདུག


གྲུ་ཤན་ཡིན་ན་བསམ་བྱུང་།


དྲན་གདུང་གི་རྣ་བར་སྐྱོ་གཞས་འཁྱག་པ་ལྷང་ལྷང་དུ་ནམ་གུང་ལ་གྲག་བྱུང་།

ངས་ནི་མཚན་སྨག་གྱོན་ནས་འུག་པའི་ཚུལ་གྱིས་སྨྲ་བ་མེད་པར་ཁྱོད་ལ་གཡེང་།

དཀར་འོད་འཕྲོ་བའི་ཁ་པར་ངོས་སུ་མིག་ཟུང་ཅེར་ནས།

གཤོག་པ་ཐོགས་པའི་ཡིག་འབྲི་ཁྱུ་ཞིག་ཁྱོད་ཀྱི་ཕྱོགས་སུ་འཕུར་འདོད་ཆེ་རུང་།

སྒྲོག་དང་གཟེབ་དྲྭར་ཚུད་པའི་རྨི་ལམ་འདིའི་འོག་ནས་འཕུར་ཐབས་མ་བྱུང་།


ལན་ཆགས་ཀྱི་སྐྱེ་འཆིའི་གཙང་བོ་བཞུར་ན་བཞུར་དུ་ཆུགས།

ལོག་མལ་དུ་ཁངས་སྐྱ་ཡི་འཚུབ་མ་སྤུར་ན་སྤུར་དུ་ཆུགས།

འོང་ཏང་།  ཁ་མི་གྲག་པའི་རྨི་ལམ་ལ་བགྲེས་རྒུད་བྱུང་བའི་མཚན་མོ་དེར།

ཅི་ཞིག་གིས་གློ་རྡེག་ཏུ་ཁྱོད་རང་དྲན་དགོས་བྱུང་ངམ།


མཚན་སྨག་ལྗིད་ཏིག་གེ་ཧྲེང་ངེ་ནག་ཡོམ་ཡོམ་གྱིས་འགྲེངས་འདུག

མི་ཚོགས་ཀྱི་སྔུར་བས་མཚན་སྨག་གི་གསང་དབྱངས་འཁྲོལ་བཞིན་ཡོད་དམ།

ཁྱོད་ཀྱང་དབྱངས་རྟ་ཟ་ཟའི་ལྷོད་བག་གིས་རྨི་ལམ་གྱི་རྒྱ་མཚོ་རྒལ་བཞིན་ཡོད་དམ།

ང་ནི་དེ་ཡི་ངོགས་ན་སྐྱོམ་བཞིན་པའི་ཀོ་གྲུ་ཆུང་ཆུང་དེའི་གྲུ་ཤན་ཡིན་ན་ཅི་མ་རུང་།


སྲོད་ལ་སྨག་པའི་ཁམས།


སྣང་བ་འཁྱག་པ་འབྲི་སའི་མེ་ལོང་།

རྟེན་འབྲེལ་གྱི་མེ་ཏོག་གད་མྱོང་བའི་ཁྱོད་རང་།

རྨི་ལམ་ཁྲ་ཁྲ་འདིའི་འོག་ནས་ཡུན་གྱིས་འཁོར་འོང་།

དྲན་གདུང་ལ་ཟིལ་བ་ཆགས་པའི་མེ་ཏོག

དུང་ཞེན་གྱི་ཁུག་པ་འཁྱུག་པའི་གཙང་བོ།

གཏིང་ཟབ་པའི་ཚོར་བའི་རྒྱ་མཚོའི་ངོགས་སུ།

ཤར་སྐྱོད་ཐུབ་པའི་ཡིད་འོང་གི་ཀོ་གྲུ་ཆུང་ཆུང་།


རོལ་དབྱངས་ཟ་ཟི་འདིས་སྔོག་ཡོང་བའི་ཁྱོད་རང་།

དྲན་ཁམས་མག་མོག་གི་ངོས་སུ་འཆར་ཡོང་བའི་ཁྱོད་རང་།

དཔྱིད་དཔལ་གྱི་ཁུ་བྱུག་ཡིན་ནམ་མངའ་རིས་སྒྲ་སྙན་འབྲུག་མགོ་མ་ཡིན།

སྲོད་དུས་ཀྱི་རྫི་གླུ་ཡིན་ནམ་ཆང་ཁང་ནང་གི་སྦི་རག་ལྗང་ཁུ་ཡིན།


ངག་སྒོ་ནས་གློད་མི་ཐུབ་པ་མཐའ་དག

ཡིད་གཞུང་ནས་བོར་མི་ཐུབ་དེ་ཚོ།

ཁྲོམ་ཚོགས་ནས་འདུར་བཞིན་པའི་གོམ་འགྲོས་མ་རེད།

གསར་འགྱུར་ཁང་གིས་སྤེལ་བའི་ཕྱི་ཚུལ་དེའང་མ་རེད།

དེ་ནི་བཙའ་མདོག་མ་ཤོར་བའི་མིག་ཟུང་གི་ལྷོད་བག་དེ་རེད།


སྐྱེལ་མ།


ང་ཡི་རྨི་ལམ་དུ་གངས་རི་རྩིག་པའི་ཁྱོད།

གཙང་བོ་ལྟར་དྭངས་གཙང་གིས་དོན་ལྔ་སྣོད་དྲུག་ཏུ་བཞུར་སོང་།

མིག་འོད་ལ་འཛུམ་ཆུང་དོད་པའི་དབྱངས་དང་གསལ་བྱེད།

སྐྱེ་བ་འདིའི་དྲན་གདུང་ནང་གི་མུན་ནག་ཆེས་སྙན་ཤོས་དེ་ཡིན་ནམ།


ཁྲུང་ཁྲུང་གི་གཤོག་གདང་ལ་བཏེག་པའི་གྲིབ་མ།

འགྲུལ་བཞུད་ཀྱི་ཞེ་ཡི་རྒྱ་མཚོ་རྒལ་བཞིན་ཡོད་དམ།

ཞེ་དྲོད་མཆིས་སའི་གནས་ལམ་དེར་འབྱོར་བཞིན་ཡོད་དམ།

ཡང་ན།  

བྱིས་དུས་ཀྱི་ལྷད་མ་འདྲེས་པའི་དུངས་སེམས་ཀྱི་གཞིས་ཀར་ལོག་བཞིན་ཡོད་དམ།


སེམས་པའི་ལྷམ་ཆུང་གོམ་པ་སྤོས་ཏེ་གྱེས་བྲལ་གྱི་ན་ཟུག་སྔོག་པར་འདོད་རུང་།

གཞིས་ཀ་དེར་ཅ་ཅོ་སྒྲོགས་པའི་བྱ་བྱིའུ་མང་དྲགས་པས།

ལོག་ཕེབས་ཀྱི་རེ་སྒུག་ཅིག་ལས་ཅི་ཡང་འཁྱོངས་མ་སོང་།


༢༠༡༨


༢༠༡༨ལོ་དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་རྙིང་སོང་།

༢༠༡༨ལོ་ཆར་འོད་རྗེས་ཀྱི་འཇའ་ཚོན་བཞིན་ཡལ་སོང་།

༢༠༡༨ལོ་དགུང་ཟླ་སྐྱ་བོའི་ཁ་དོག་བཞིན་གྱུར་སོང་།

༢༠༡༨ལོ་ཆར་གྱི་ཐིགས་པ་བཞིན་ས་ཆེན་པོའི་བྲང་གཞུང་ཟག་སོང་།

༢༠༡༨ལོ་མིག་རྡེབ་དབང་ཙམ་གྱིས་གང་ཞིག་ཏུ་བཞུད་སོང་།

༢༠༡༨ལོ་ཆ་ཡོད་ཡོད་འདྲ་བ་ཚུར་ལ་ཉེ་ཡང་ཆ་མེད་མེད་ལྟ་བུ་ཕར་ལ་བུད་སོང་།


༢༠༡༨ལོར་ཆོས་གཞུང་རྒྱ་མཚོར་འཇུག་པའི་ཀོ་གྲུ་རྙེད་བྱུང་།

༢༠༡༨ལོར་དཔེ་ཀློག་གི་མིག་ཟུང་ཕྱོགས་པའི་སྒྲོན་མེ་འབར་བྱུང་།

༢༠༡༨ལོར་དབྱངས་གསལ་གྱི་ཞེ་གླུ་ལེན་པའི་སྟ་གོན་གྲུབ་བྱུང་།

༢༠༡༨ལོར་ཚོར་བའི་རྒྱ་སེ་བཞད་པའི་སྐྱེད་ཚལ་འཛོམས་བྱུང་།

༢༠༡༨ལོར་ཚོར་གཟུགས་ཀྱི་ཁ་བ་མང་ཙམ་བབས་བྱུང་།


༢༠༡༨ལོར་འབྲོག་ལས་ཀྱི་འཚོ་བ་བཏང་སྟེ་འབྲོག་པ་དྲན་བཞིན་འདུག

༢༠༡༨ལོར་རྣང་ཞིང་ཚེར་མས་བཀང་སྟེ་ལོ་ཏོག་ཞིང་ཁ་སྨོན་བཞིན་འདུག

༢༠༡༨ལོར་རང་ས་རང་ཡུལ་བསྐྱུར་ཏེ་ཕ་ས་ཕ་ཡུལ་ཞེས་དྲ་ཐོག་ཏུ་འཇོག་བཞིན་འདུག


༢༠༡༨ལོར་དགོན་སྡེའི་སློབ་གསོ་བོར་ཏེ་དགོན་སྡེ་འཛིན་སྤེལ་འཆད་བཞིན་འདུག

༢༠༡༨ལོར་དབྱངས་གསལ་གྱི་གཤོག་པ་ཆད་པའི་བྱ་ཁྱུ་མང་ཙམ་འཕུར་བཞིན་འདུག

༢༠༡༨ལོར་རང་ཉིད་བོར་ནས་རང་ཉིད་འཚོལ་བཞིན་འདུག

༢༠༡༨ལོར་ཁ་བར་ཅེར་ནས་ཁ་བ་བབས་པར་སྨོན་བཞིན་འདུག

༢༠༡༨ལོར་འགྱིག་གིས་བཟོས་པའི་འཛུམ་མདངས་དགོད་བཞིན་འདུག

༢༠༡༨ལོར་དངངས་སྐྲག་གི་འཚུབ་མའི་རྨི་ལམ་ཡ་མཚན་པ་ཞིག་རྨིས་བཞིན་འདུག

  • ལེ་ཚན་སྔོན་མ།:བསྟོད་མགུར།
  • ལེ་ཚན་རྗེས་མ།:ལྷ་སའི་ཁྲོམ་ནས་རྙེད་པའི་སྙན་ངག