སྤྱི་ཕན་གྱི་གཏུག་བཤེར་ལ་བསྟོད་བསྔགས་ཐོབ།

དབྱངས་ཅན་གྱིས་བསྒྱུར།        2019-08-19

     སྤྱི་ཟླ8པའི་ཚེས10ཉིན་གྱི་དགོང་མོར་རི་ཐོག་ལ་ཤྭ་མོ་འཐུ་ནས་ཕྱིར་ལོག་མ་ཐག་པའི་སྡེ་རོང་རྫོང་སྤུན་གསུམ་གྲོང་རྡལ་སྟོད་གྲོང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབང་འདུས་ཀྱིས་འཚམས་འདྲི་ཞུ་ལན་རྒྱག་སར་འོངས་པའི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ལིའུ་གོ་ཅུན་དང་ཐུག་འཕྲད་བྱུང་སྐབས། ཁོས་སེམས་འགུལ་ཐེབས་པའི་སྒོས་ཁྱེད་ཀྱིས་ལྟོས་དང་སླེལ་པོ་ཕྱེད་ཙམ་གྱི་ཤྭ་མོ་འདིར་མ་མཐའ་ཡང་སྒོར་སྟོང་གཅིག་ཙམ་རག་ཐུབ་རྒྱུ་རེད། རི་འདིར་ཡོད་པའི་རྒྱལ་དབང་ནགས་ཚལ་དེ་དངོས་གནས་ང་ཚོའི་དངུལ་ཁུག་ལྟ་བུར་གྱུར་འདུག དངོས་གནས་བཤད་ན། ཟླ་བ་སྔོན་མར་གྲོང་རྡལ་དུ་ཁྲིམས་སར་ཞིབ་གཅོད་བྱས་པའི་ཤིང་ནགས་རྐུ་འཕྲོག་བྱས་པའི་ཉེས་དོན་ཞོར་དུ་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་གྱོད་དོན་ཁག་གཉིས་དེས་སྤྱི་ཚོགས་ལ་བསམ་གྱི་མི་ཁྱབ་པའི་ཕན་འབྲས་ཐོབ་ཡོད། ཁྱད་པར་དུ་ཞུ་སྦྱོར་ཕྱི་མ་གཉིས་ཀྱིས་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུས་ནས་གྲོང་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་རེད། ད་ལྟར། གྲོང་མི་ཚོས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དེ་བསམ་བློ་དང་བྱ་སྤྱོད་ཐོག་ནས་མ་སྐུལ་དང་བླངས་ཀྱི་གོམས་གཤིས་སུ་ཆགས་པ་རེད།

     སྤྱི་ཟླ7པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། ཨ་ཕྲུག་དང་པདྨ་གཉིས་ཀྱིས་ཤིང་ནགས་རྐུ་འཕྲོག་བྱས་པའི་ཉེས་དོན་ཞོར་དུ་དམངས་དོན་སྤྱི་ཕན་གྱི་གཏུག་་བཤེར་གྱོད་དོན་དེ་དངོས་སུ་ཁྲིམས་གཅོད་བྱེད་འགོ་བཙུགས་པ་རེད། གྲོང་སྡེ་དང་གྲོང་རྡལ་བར་སྤྱི་ལེ9ཙམ་གྱི་རྒྱང་ཐག་ཡོད་ཀྱང་གྲོང་མི་ཚོས་འགའ་རེས་འཕྲུལ་རྟ་བཞོན་པ་དང་། འགའ་རེས་རྟ་བཞོན་པ། འགའ་རེས་རྐང་ཐང་དུ་ཁྲིམས་གཅོད་བྱེད་སར་བསླེབས་པ་རེད། ཁྲིམས་གཅོད་བྱེད་འགོ་འཛུགས་པར་ད་དུང་སྐར་མ20ཙམ་ཡོད་པའི་སྐབས་སུ། སྲིད་གཞུང་གི་སྒོ་ར་ཆེན་པོའི་ཁྲོད་སྔར་ནས་ཟུར་ཉན་བྱེད་མཁན་གྲོང་མིས་གང་ཚར་འདུག ཁྲིམས་གཅོད་མ་བྱེད་སྔོན་དུ་གྲོང་མི་འགའ་ཞིག་གིས་ཁོ་ཚོས་ཤིང་ནགས་རྐུ་འཕྲོག་བྱས་ནས་རང་ཉིད་ཀྱི་སྡོད་ཁང་བཟོ་བཅོས་བྱེད་པ་ལས་སྒོར་མོ་བཙལ་ཐུབ་པའི་ཆེད་དུ་མིན་པ་རེད། ད་ལྟར་ཤིང་གཅོད་ཆོག་པའི་དམིགས་ཚད་མེད་པས་རྒྱལ་དབང་ཤིང་ནགས་ཅུང་རྐུས་ན་ཁྲིམས་དང་འགལ་བ་རེད་དམ་ཞེས་ལྐོག་གཏམ་བྱེད་བཞིན་འདུག ཡིན་ནའང་ཁྲིམས་གཅོད་བྱེད་འགོ་འཛུགས་པའི་ཐོ་བ་རྡུང་བ་དང་སྦྲགས། བདེན་ཡོད་ཁུངས་ལྡན་གྱི་དོན་དངོས་དང་བཅའ་ཁྲིམས་ཀྱིས་གྲོང་མིའི་རྟོགས་དཀའ་བའི་གནད་དོན་དང་ཐེམ་ཚོམས་དེ་དག་མྱུར་དུ་སེལ་བ་རེད།

     ཁྲིམས་གཅོད་བྱེད་སར་ཁྲིམས་དཔོན་གྱིས་ཉེན་བརྡ་སྐྱེལ་བའི་ཟིན་ཐོ་དང་། མི་འབོར་གྱི་ཆ་འཕྲིན་ངོ་སྤྲོད། སྤྱི་ཚོགས་ཀྱི་ཉེན་སྐྱོན་རང་བཞིན་བརྟག་དཔྱད། ནགས་ཚལ་གྱི་བདག་དབང་། ཡུལ་དངོས་བསྐོར་ཞིབ་ཀྱི་ཟིན་ཐོ། ཁྲིམས་འཛིན་ཐོག་གི་གསལ་འབྱེད་ཡིག་རིགས། འདྲི་རྩད་བྱེད་ཐོ། དཔང་མི་དང་དཔང་ཚིག དངོས་ཟོག་བཀག་ཉར་བྱས་ཐོ། རིན་གོང་གསལ་ཡིག ཁྲིམས་འཛིན་གསལ་ཡིག་སོགས་བདེན་དཔང་ཞིབ་ཕྲ་བརྒྱུད་ནས། ཨ་ཕྲུག་དང་པདྨ་གཉིས་ཀྱིས་སྤུན་གསུམ་གྲོང་རྡལ་གྱི་སྟོད་གྲོང་ལ་བྱང་ཝ་རིར་ཁག་བགོས་ནས་སྨི་གྲུ་བཞི་ལྷམ་པ66.928དང་སྨི་གྲུ་བཞི་ལྷམ་པ10.885ཅན་གྱི་རིན་གོང་ཁག་བགོས་ནས་སྒོར48455དང་སྒོར7859རི་བའི་རི་ཐོག་གི་ཤིང་ནགས་རྐུ་བཅད་བྱས་ཤིང་། རྐུ་བཅད་བྱས་པའི་ཤིང་ནགས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པས་ནགས་ཚལ་བདག་དབང་གི་ལག་ཁྱེར་སྤྲད་མེད་པ་རེད། བྱ་སྤྱོད་དེས་ཁོར་ཡུག་གི་ཐོན་ཁུངས་ལ་གཏོར་བརླག་ཐེབས་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་པས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་དོན་དངོས་འདིར་གདེང་ཚོད་བྱས་ནས་ཁྲིམས་ཐག་བཅད་པ་རེད།

     རྫོང་ཞིབ་དཔྱད་ཁང་གིས་སྤྱི་ཕན་གྱི་གཏུག་བཤེར་བྱེད་མཁན་ཡིན་པའི་ཆ་ནས། ཉེས་དོན་སྐོར་གྱི་བདེན་དཔང་རེ་རེ་བཞིན་དུ་ཕྱིར་སྟོན་མ་བྱས་ནས་དམངས་དོན་སྐོར་གྱི་བདེན་དཔང་གཙོ་བོར་བྱས་པ་དང་། གྱོད་དོན་ཐོ་འགོད་བྱས་པའི་ཆོད་ཡིག་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་བསྒྲགས། ཞིབ་དཔྱོད་ཉིན་རེའི་ཚགས་པར་གྱི་སྤྱི་བསྒྲགས། ཁྲིམས་ཁང་ལ་འདྲ་པར་ཚོ་གསུམ་སྤྲད་པ་དང་ཞུ་སྦྱོར་ཕྱི་མ་ཨ་ཕྲུག་དང་པདྨ་ཡི་སྤྱི་ཕན་གཏུག་བཤེར་གྱི་དཔང་ཚིག་སྤྲད་པ། སྤུན་གསུམ་གྲོང་རྡལ་ནགས་ལས་ཞིབ་བཤེར་ས་ཚུགས་དང་སྡེ་རོང་རྫོང་ནགས་ཚལ་སྤྱི་བདེ་ཉེན་རྟོག་ལས་བྱེད་པས་མཁོ་སྤྲོད་བྱས་པའི་དཔང་ཡིག ཁྲིམས་སར་དཔང་ཡིག་ཚོ་དྲུག་སྤྲད་རྗེས་ཁྲིམས་ཁང་གིས་བཤེར་རྩོད་བྱེད་པའི་དུས་རིམ་ལ་བསླེབས་པ་རེད། ལིའུ་གོ་ཅུན་གྱིས་སྤྱི་ཕན་གཏུག་བཤེར་བྱེད་མཁན་གྱི་ཚབ་བྱས་ནས་བཤེར་རྩོད་ཀྱི་བསམ་འཆར་འདོན་སྐབས། ཞུ་སྦྱོར་ཕྱི་མ་ཨ་ཕྲུག་དང་པདྨ་གཉིས་ཀྱིས་རྒྱལ་དབང་ནགས་ཚལ་དུ་ཤིང་ནགས་རྐུ་བཅད་བྱས་པའི་བྱ་སྤྱོད་དེས་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གནོད་འཚེ་བཏང་ཟིན་པ་རེད། དུས་མཚུངས་སུ་རྐུ་བཅད་བྱེད་རིང་དུ་ད་དུང་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བཏང་བར་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་ཆབས་ཅིག ད་དུང་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པ་རེད། ཉེས་བསགས་བྱ་ཡུལ་རྒྱལ་དབང་གི་ནགས་ཚལ་ཁུལ་ཡིན་པར་མ་ཟད་ད་དུང་ཁྲིམས་མཐུན་གྱི་ལག་ཁྱེར་འགྲོ་ལུགས་སྒྲུབ་གཉེར་བྱས་མེད་སྟབས་བྱ་སྤྱོད་དེ་ཁྲིམས་འགལ་རང་བཞིན་ཡིན་པ་རེད། རྒྱལ་དབང་གི་ནགས་ཚལ་ཁུལ་དུ་ཤིང་ནགས་རྐུ་བཅད་བྱེད་པ་དེ་གྲོང་མིའི་སྡོད་ཁང་མདུན་རྒྱབ་དང་ཡང་ན་ཡུལ་གཞན་དུ་བཞག་པའི་ཤིང་ཆ་རྐུ་བཅད་བྱེད་པ་དང་མི་འདྲ་བ་རེད། རི་འགོ་ནས་ཤིང་ཆ་རི་འདབས་སུ་འདྲེན་པའི་ལམ་བར་དུ་སྔོ་ཁེབས་དང་ཤིང་སྡོང་ལ་གནོད་འཚེ་ཐེབས་སྲིད་པ་རེད། བྱ་སྤྱོད་དེས་ཐད་ཀར་ཤིང་ནགས་རྐུ་བཅད་བྱས་པའི་གྱོད་དོན་ཙམ་ཚབས་ཆེན་མིན་རུང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་འཇུག་པ་དེར་ང་ཚོས་མཐོང་ཡང་མ་མཐོང་བ་ལྟར་བྱེད་མི་རུང་། གྲོང་མིས་འབུད་ཤིང་དང་ཤིང་ཆ་འདྲུད་འཐེན་བྱེད་པ་དང་། ཤིང་ནགས་རྐུ་བཅད་བྱེད་པ། ཐ་ན་ནགས་ཤིང་ལྐོག་གཅོད་བྱས་ཏེ་རང་འདོད་ལྟར་གནས་སྐབས་འགྲོ་ལམ་ལས་ན་དེ་ཚང་མ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཡིན་པས། གནས་ཚུལ་དེ་དག་བཀག་བསྡོམས་ནན་པོ་དང་བཅའ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་ན་མ་གཏོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་པའི་སྐད་ཆ་དེ་སྟང་བཤད་དུ་གྱུར་ངེས་རེད། ཞུ་སྦྱོར་ཕྱི་མ་བས་རྒྱལ་དབང་ཤིང་ནགས་རྐུ་བཅད་བྱས་པའི་བྱ་སྤྱོད་དེས་ནགས་ཚལ་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཤིང་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གནོད་སྐྱོན་བཟོས་ནས། ཞིང་འབྲོག་མི་དམངས་ཀྱི་ཁྲོད་དུ་ཤུགས་རྐྱེན་ངན་པ་ཐེབས་ཡོད། སྤྱི་ཕན་གཏུག་བཤེར་བྱེད་མཁན་གྱིས་བཅའ་ཁྲིམས་ལྟར་གྱོད་དོན་འདིར་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་པར་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་གཉིས་ལ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་བཀའ་ཕབ་རོགས་ཞེས་བཤད་པ་རེད།

     སྤྱི་ཕན་གཏུག་བཤེར་བྱེད་མཁན་གྱི་རེ་འདུན་ལ་སྐོར་ཞིབ་འདྲོ་གཅོད་བྱེད་མཁན་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་ཡོད། མི་དམངས་འཐུས་མི་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ། གྲོང་སྡེའི་ཨུ་ལྷན་གཉིས་དང་གྲོང་མི་ཚོའི་བདེན་དཔང་འོག ཉེས་དོན་ཞོར་དུ་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་བྱ་ཡུལ་ཞུ་སྦྱོར་ཕྱི་མ་གཉིས་ཀྱིས་བྱས་ཉེས་བསགས་པ་དེར་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུས་པ་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རང་ཉིད་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་ནས་ཁྲིམས་ལུགས་དང་འགལ་བར་མ་ཟད་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་སུ་བཅུག་ཡོད། རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་བཟོས་ནས་ཐེབས་པའི་གྱོང་གུན་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་ཁུར་རྒྱུ་ཡིན་པར་མ་ཟད། སྤྱིན་གསབ་སྤྲོད་པ་དང་ཡང་ན་སྡོང་ཕྲུག་གསབ་འཛུགས་བྱེད་པའི་ཐབས་ཤེས་སྤྱད་ནས་སྐྱོན་ཆ་སེལ་ཐབས་བྱ་རྒྱུ་དང་། རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཤུགས་རྐྱེན་ངན་པར་སྤྱི་ཚོགས་ཡོངས་སུ་དགོངས་དག་ཐུགས་བདེན་ཞུ་བ་ཡིན། ཁྲིམས་ཁང་གིས་ང་དང་པདྨ་གཉིས་ལ་ཁྲིམས་ཆད་ཕྱིར་འགྱངས་བྱས་ཏེ་ཐག་གཅོད་བྱེད་པ་དེ་ཆད་གཅོད་ཞིག་ཡིན་རུང་ཐུགས་ཁུར་ཞིག་དེ་བས་ཀྱང་ཡིན་པ་རེད། ང་ཚོས་ངེས་པར་དུ་ཉམས་མྱོང་བསྡུར་ལེན་ཟབ་མོ་བྱས་ནས་མ་སྐུལ་དང་བླངས་ངང་རང་ཉིད་ཀྱི་བསམ་ཚུལ་བསྒྱུར་བཅོས་དང་བྱ་སྤྱོད་ཚད་ལྡན་བྱ་རྒྱུ་ཡིན་པས། ཁྲིམས་དཔོན་དང་ཞིབ་དཔྱོད་ཁང་། གྲོང་སྡེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ང་ཚོར་མུ་མཐུད་ནས་སློབ་གསོ་དང་རོགས་རམ། ལྟ་སྐུལ་བཅས་བྱ་རོགས་ཞེས་འགྱོད་བཤགས་བྱས་པ་རེད།

     བཅར་འདྲི་བྱེད་རིང་དུ་རྫོང་ཞིབ་དཔྱོད་ཁང་གི་འགོ་འཛིན་གཡང་འཛོམས་ལྷ་མོས་གསར་འགོད་པར2018ལོར་སྤྱི་ཕན་གཏུག་བཤེར་བྱེད་པ་ནས་བཟུང་ཁྲིམས་ཁང་ཡོངས་ཀྱིས་ལེགས་འགྲུབ་ངང་སྡིངས་ཆུ་ལ་སྦག་བཙོག་ཐེབས་པའི་གྱོད་དོན་དང་། འབའ་ལ་དཀར་འཛོམས་ཀྱི་གད་སྙིགས་འདོར་ཡུལ་གྱི་གྱོད་དོན། ཕག་རི་ཡུལ་ཤོག་སྲིད་གཞུང་གི་གད་སྙིགས་འདོར་ཡུལ་མེད་པའི་གྱོད་དོན་སོགས་དཔེར་མཚོན་གྱོད་དོན་དེ་ཚོ་སྒྲུབ་གཉེར་བྱས་པ་དང་། རྒྱུན་མཐུད་དུ་བྱེ་རྡོའི་བྱུང་ཁུངས་དང་། སྨན་རྫས་དང་བཟའ་བཅའི་ཁྱབ་ཁོངས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་འགྲོ་བ། ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བ་སོགས་སྤྱི་ཕན་གཏུག་བཤེར་གྱི་ཆེད་གཉེར་བྱ་སྤྱོད་སྤེལ་འགོ་བཙུགས་ནས། རིམ་བརྩིས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་དོན་གྱི་ཁུངས་སྣེ17བསྡུ་རུབ་དང་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན13ཐོ་འགོད་བྱས་ཡོད།(དེའི་ནང་ཉེས་དོན་ཞོར་དུ་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་གྱོད་དོན3ཡོད།)གཏུག་བཤེར་སྔོན་གྱི་ཞིབ་དཔྱོད་གྲོས་གཞི10དང་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ལ་ལན་བཏབས་པའི་གྲོས་གཞི10བཅས་བསྐུར་ནས་གྱོད་ཐག་བཅད་ཚད་བརྒྱ་ཆ100ལ་ཟིན་པ་རེད། གྱོད་དོན་ལ་གཞིགས་ནས་ཁྲིམས་ལུགས་བཤད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དེས་སྤྱི་ཕན་གཏུག་གཤེར་ལ་སྤྱི་ཚོགས་ཀྱི་ཆ་རྒྱུས་ལོན་ཚད་ཇེ་དྲག་ཏུ་ཕྱིན་པར་མཟད། སྤྱི་ཕན་གཏུག་བཤེར་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མཉམ་སྤེལ་བྱས་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱེད་ཐུབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔལ་ཡུལ་རྫོང་ལ་གཟིགས་སྐྱོང་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།