སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

ཨོ་རྒྱན་གྱིས་བསྒྱུར།        2019-08-15

    

སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

     སྤྱི་ཟླ8པའི་ཚེས7ནས10ཉིན་བར་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་བྲག་བརྐོས་རི་མོའི་ཆེད་མཁས་དང་མཁས་དབང་སྐོར་ཞིག་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དུ་འཛོམས་ནས་མཚོ་བོད་ས་མཐོའི་གནའ་བོའི་བྲག་བརྐོས་རི་མོ་དང་རྡོ་བརྐོས་སྒྱུ་རྩལ་ལ་ཤེས་རྟོགས་དང་ཞིབ་འཇུག  སྲུང་སྐྱོང་བཅས་ལ་དམིགས་ནས་རིག་གཞུང་བགྲོ་གླེང་བྱས་པར་མ་ཟད་གནའ་བོའི་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་ཡོད་པ་རེད།

     སེར་ཤུལ་རྫོང་ལ“རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས”ཞེས་འབོད་སྲོལ་ཡོད་ཅིང་། སྤྱི་ལོ2010ལོ་ནས2012ལོའི་བར་རྫོང་འདིའི་མངའ་ཁོངས་སུ་གནའ་བོའི་རྡོ་བརྐོས་རི་མོ་སྐོར་ཞིག་གསར་རྙེད་བྱུང་བས་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་དོ་ཁུར་བྱེད་ཡུལ་དུ་གྱུར། རྡོ་བརྐོས་ཀྱི་རི་མོ་འདི་དག་ནི་དུས་རབས་བརྒྱད་པའི་དུས་མཇུག་ནས་དུས་རབས་དགུ་པའི་དུས་འགོ་བར་གྱི་ཡིན་ལ། དེ་བཞིན་གཤེགས་པའི་སྐུ་དང་སྟོན་པའི་སྐུ། སྒྲོལ་མའི་སྐུ།  གནའ་བོའི་བོད་ཡིག་གི་ཁ་བྱང་སོགས་དུས་རབས་སུ་དར་ཁྱབ་ཆེ་བའི་དཔེ་མཚོན་གྱི་བརྗོད་བྱ་མངོན་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་རྙེད་པའི་བོད་བཙན་པོའི་དུས་རབས་ཀྱི་རྡོ་བརྐོས་རི་མོ་དང་པོ་དེ་ཡིན་ལ། ཉག་ཆུའི་ངོགས་རྒྱུད་ནས་ཐོག་མར་རྙེད་པའི་བཙན་པོའི་དུས་རབས་ཀྱི་རྡོ་བརྐོས་རི་མོ་དེ་ཡིན་པས། “2013ལོའི་ལོ་འཁོར་གྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུར”ཞེས་པར་བདམས་ཡོད་པ་རེད།

སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

     སྤྱི་ཟླ8པའི་ཚེས7ཉིན་ནས་ཚེས10ཉིན་བར“མཚོ་བོད་མཐོ་སྒང་གི་བྲག་བརྐོས་རི་མོའི་སེར་ཤུལ་གླེང་སྟེགས”ཞེས་པ་སེར་ཤུལ་རྫོང་དུ་འཚོགས་ཤིང་། ཆེད་མཁས་བཅུ་དང་རྒྱལ་སྤྱིའི་བྲག་བརྐོས་རི་མོའི་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལུའོ་པོ་ཐེ·པེ་ཏེ་ལའེ་ཁི(RobertBednarik)སོགས་ཕྱི་རྒྱལ་གྱི་ཆེད་མཁས་བཅས་མཉམ་འཛོམས་ཀྱིས་མཚོ་བོད་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོ་དང་རྡོ་བརྐོས་སྒྱུ་རྩལ་ལ་ཤེས་རྟོགས་དང་། ཞིབ་འཇུག སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་བྲག་བརྐོས་རི་མོའི་གླེང་སྟེགས་ཐོག་མ་དེ་འཚོགས་པ་རེད།

སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

     དེའི་རིང་ལ་ཆེད་མཁས་ཚོགས་པས་སེར་ཤུལ་རྫོང་དུ་ཉག་ཆུ་འབབ་རྒྱུད་ནས་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོ་ལ་རྟོག་ཞིབ་བྱས་པ་དང་འབྲེལ་རིག་གཞུང་བགྲོ་གླེང་ཐེངས་མང་བྱས་པ་རེད། 

     སྤྱི་ཟླ8པའི་ཚེས8ཉིན་ཆེད་མཁས་ཚོགས་པས་སེར་ཤུལ་རྫོང་ཝ་ཤུལ་ཡུལ་ཤོག་ཁ་དར་སྡེ་བའི་རི་མོ་ལུང་གི་བྲག་བརྐོས་རི་མོ་དང་ཨ་རིག་རྫ་ཡུལ་ཤོག་ཁོངས་ཀྱི་བྲག་བརྐོས་རི་མོ་གཉིས་ཡོད་སའི་ཡུལ་དངོས་སུ་བསྐྱོད་ནས་རྟོག་ཞིབ་བྱས་ཤིང་། ཨ་རིག་རྫ་ཡུལ་ཤོག་གི་མངའ་ཁོངས་ནས་གནའ་བོའི་བྲག་བརྐོས་རི་མོ་ཡིན་ངེས་པའི་གནས་ཤིག་གསར་དུ་རྙེད་འདུག 

སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

     ཡུལ་དངོས་ནས་རྟོག་ཞིབ་བྱེད་སྐབས་ཀྲུང་གོའི་བྲག་བརྐོས་རི་མོའི་སློབ་ཚོགས་ཀྱི་ཚོགས་གཙོ་ཝང་ཅན་ཕིང་གིས་སྲུང་སྐྱོང་བྱ་རྒྱུ་ནི་ད་ཐེངས་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་གྲས་ཡིན་ལ། ལོ་ཤས་རིང་སེར་ཤུལ་རྫོང་གིས་བྱེས་བགྲོད་ལས་དོན་འབོར་ཆེན་བསྒྲུབས་པ་དེའི་ཐོག་ནས་བྲག་བརྐོས་རི་མོ་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་གསལ་བཤད་བྱས་ཡོད། ད་ཐེངས་ཀྱི་གླེང་སྟེགས་འདི་བརྒྱུད་ནས་བྲག་བརྐོས་རི་མོར་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཅིང་བྲག་བརྐོས་རི་མོ་དེ་བས་ཡུན་རིང་གནས་པར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་།


  • ལེ་ཚན་སྔོན་མ།:དཀར་མཛེས་ཀྱི་ཐུམ་འབུའི་ནད་པས་འཛམ་གླིང་གི་ཕྱེད་ཀ་ཟིན་ཡོད་དམ།
  • ལེ་ཚན་རྗེས་མ།:བོད་ཁུལ་ལ་བདེ་སྐྱིད་སྐྱོང་བའི་གཞུང་ལམ།
  • དོ་སྣང་ཆེ་བའི་རྩོམ།