ལམ།

ཤར་ཚ།        2019-08-15

   མི་ཚོགས་ཀྱི་མཁའ་དབུགས་སྟུག་པའི་གྲོང་ཁྱེར་ཇེ་ཆེར་གྱུར་ཞིང་།རྐང་ལམ་དང་གཞུང་ལམ་སྡོམ་དྲྭ་ལྟར་ཀུན་ནས་སྦྲེལ་དུས།རྐང་འོག་ནས་བསྲིངས་པའི་ལམ་ཁ་དེའི་སྣེ་གང་དུ་བརྐྱངས་ཡོད་པར་སུས་ཀྱང་ཚོད་དཔག་བྱ་ཐབས་བྲལ།

   སྤྱིར་ལམ་མགོ་ནི་རང་ཁྱིམ་གྱི་སྒོ་ཁ་ལས་བྲིས་ཤིང་ལམ་སྣེ་ནི་ཐག་རིང་གང་ཞིག་ཏུ་བསྲིང་ནའང་ཆོག་པས།ནར་སོན་ཚེ།ཁྱོད་ཀྱང་སྤྲིན་དཀར་པོ་ཚད་དུ་བཙུགས་ནས་ཐག་རིང་གི་གཞན་ཡུལ་འགྲོ་དགོས་ལ།ལམ་བར་དུ་ཕྱི་རོལ་གྱི་རྒྱལ་ཁམས་དང་མི་ཡུལ་གྱི་བདེ་སྡུག།འཇིག་རྟེན་གྱི་ལེགས་ཉེས་སོགས་མིག་ཟུང་ལ་གཤའ་མར་འཕྲོད་ཅིང་ཡིད་སེམས་ཁོངས་སུ་རྣལ་མར་མྱོང་ཐུབ་པས།ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་ནས་རང་ཁྱིམ་ལས་སྐྱིད་པའི་གནས་མལ་དང་ཕ་མ་ལས་བརྩེ་བའི་མཛའ་བཤེས་ཅན་ཞིག་རྙེད་མི་ཐུབ་ལ།རང་ཡུལ་ལས་ལྷག་པའི་སེམས་ཀྱི་ལོག་མལ་ཞིག་མེད་པ་ཚོར་ཏེ་སླར་རང་ཁྱིམ་དུ་ལྡོག་དགོས་པའི་གནས་ལུགས་རྟོགས་སྲིད་པ་མ་ཟད།དེ་ལ་བརྟེན་ནས་ཁྱོད་ཀྱི་སེམས་ཀྱི་མེ་ལོངས་ངོགས་ན།འབྲོང་རྒོད་བཏུལ་མཁན་གྱི་མེས་པོ་རལ་པ་ཅན་དག་དང་།སྤྱང་རྒོད་སྲུང་མཁན་གྱི་འདོགས་ཁྱི་སྒལ་ཚིགས་ཅན་ཚོ་འཆར་སྲིད་ལ།དུས་རབས་མང་པོར་ཕར་ལྡིང་ཚུར་འོངས་བྱ་མྱོང་བའི་སྐྱེ་བོ་མང་པོའི་དཀའ་སྡུག་གི་རྔུལ་ཁྲག་ཀྱང་རྟོགས་སྲིད་པས།ཁྱོད་ལ་མཚོན་ན་ལམ་ཁ་སྐྱ་མོ་དེ་ཇི་འདྲའི་བཀའ་དྲིན་ཅན་ཞིག་ཏུ་སྒོམ་ཆོག་ཨང་།འོན་ཏེ་དུས་རབས་ཀྱི་མྱུར་བགྲོད་དང་མི་ཚོགས་ཀྱི་མཁའ་རླངས་སྤྲིན་ལྟར་འཁྲིགས་དུས།ཁྱོད་ཀྱིས་ཚད་དུ་འཛིན་སའི་ཐག་རིང་གི་སྤྲིན་དཀར་དང་དེའི་འོག་རོལ་གྱི་དམིགས་འབེན་རབ་རིབ་ཏུ་གྱུར་ཅིང་།ལམ་གྱི་མགོ་རྔ་ཀུན་ཏུ་ལམ་ཆུང་དང་ལམ་ཆེན་ཇེ་མང་ནས་ཇེ་མང་གྱེས་དུས།ད་གཟོད་རང་ཁྱིམ་དུ་ལྡོག་མི་ཐུབ་མཁན་མི་རེ་གཉིས་ག་ལ་ཡིན།

   ཐོག་མར་རི་ལམ་དག་མི་བདེ་བས་གཞུང་ལམ་བཟོས་ཤིང་།དེ་རྗེས་གཞུང་ལམ་ལས་བགྲོད་འགོར་བས་ཕུག་ལམ་བཟོས་དུས།ལམ་ཁ་ཞེས་པ་དེ་མ་གཞི་ཚད་མེད་པ་ཞིག་སྟེ།སེམས་ཀྱི་འདོད་པ་ལྟར་ག་ཚོད་སྣར་སྣར་དང་ཇི་ཙམ་བསྐྱེད་བསྐྱེད་ཡིན་པའི་སྣང་བ་འཆར་འོངས།མ་ཟད།ཆུང་དུས་ཁྱེད་ཀྱི་རྐང་ཟུང་ཐོག་མར་ས་ལ་རེག་དུས་རང་ཁྱིམ་གྱི་མདོ་སྦུབས་དབར་སྣར་བའི་ཁོད་སྙོམས་ཀྱི་ཞ་ལ་ཡངས་པོ་དེ་ལམ་ཁ་ཡིན་ལ།དེ་རྗེས་སྒོ་ཁའི་རྐང་ལམ་ཕྲ་མོ་དེ་ལམ་ཁ་ཡིན་པར་འདོད་པ་དང་།རིམ་གྱིས་ཁྱོད་ཐག་རིང་དུ་ཞུགས་དུས་གཞུང་ལམ་བདེ་མོ་དེ་ཁོ་ན་ལམ་ཁ་ཡིན་སྙམ་མྱོང་།དེས་ན་དམིགས་འབེན་དང་ན་ཚོད་མི་འདྲ་བས་ཁྱོད་ཀྱི་ལམ་ཁ་ལའང་འགྱུར་བ་གང་མང་འགྲོ་བཞིན་ཡོད་ན།ནམ་ཞིག་ཁྱོད་གོ་ལ་གཞན་དུ་འགྲོ་དགོས་ན་དེའི་བར་དུའང་ལམ་ཁ་ཞིག་གྲུབ་སྲིད་པ་ཡིན།འོན་ཏེ་ལམ་ཁ་ཇེ་ཡངས་སུ་འགྲོ་དུས་ཁྱོད་ཀྱི་འགྲོས་ཇེ་མགྱོགས་དང་ཉེན་ཁ་ཇེ་ཆེ་རུ་འགྲོ་བ་ཡིན་ལ།ལམ་ཁ་ཇེ་མང་དུ་འགྲོ་དུས་ཁྱོད་ཀྱི་ལམ་འཛོལ་ཚད་ཇེ་མཐུ་རུ་འགྲོ་བ་ཡིན་རྐྱེན།རང་ཁྱིམ་མི་རྙེད་མཁན་དང་རང་ཡུལ་བོར་མཁན་ཡང་ཇེ་མང་དུ་གྱུར།དེའི་དབང་གིས་ཐག་རིང་དུ་འགྲོ་ཐུབ་པ་ནི་ཁྱོད་ཀྱི་འཇོན་ཐང་ཡིན་ནའང་།ཐག་རིང་དུ་མ་སོང་གོང་ཁྱོད་ཀྱིས་རང་ཉིད་མི་བོར་བའི་དམ་བཅའ་འཇོག་རོགས།

    ལམ་ཁ་ཁག་ཇི་ཙམ་མང་བ་དང་ཁོད་ཇི་ཙམ་ཡངས་ན་གྲོང་ཁྱེར་ཡང་དེ་ཙམ་གྱིས་ཆེ་ཞིང་དཔལ་འབྱོར་ཡང་དེ་ཙམ་གྱིས་དར་ཞེས་ཀུན་གྱིས་བསྔགས་པ་ཡིན་མོད།གྲོང་ཁྱེར་གྱི་ལམ་ཆེན་པོའི་གཡས་གཡོན་དག་ན་སྤྲང་ལ་གྱར་བའི་མུ་ཏོ་བ་འདི་ལྟར་མང་བ་ཞིག་ངེད་ཕ་ཡུལ་གྱི་ལམ་ཆུང་གཡས་གཡོན་ན་མཐོང་རྒྱུ་མེད་ལ།གྲོང་ཁྱེར་གྱི་ལམ་ཁ་ཁག་སྟོང་ཕྲག་ཏུ་གྱེས་པས་དེའི་དབུས་ན་ལམ་འཛོལ་ཐེབས་པ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཏེ།གྲྭ་པ་རྣམས་དགོན་པར་ལོག་དུས་ལམ་ཁ་འཛོལ་ནས་སྨད་ཚོང་མའི་གམ་དུ་སླེབས་པ་དང་།སློབ་མ་རྣམས་སློབ་གྲྭར་འགྲོ་དུས་ལམ་འཛོལ་ཏེ་དྲྭ་ཁང་དུ་སླེབས་པ་སོགས་མང་ལ།ཐ་ན་ཤེས་ཡོན་གྱིས་ཕྱུག་པའི་དུས་རབས་ཀྱི་དེད་དཔོན་དུ་འབོད་པ་མང་དག་གཅིག་ཀྱང་ལམ་ཁ་འཛོལ་ཏེ་ཆང་ཁང་དང་།རྒྱན་པོ་ཁང་།ཚོང་ར་བཅས་སུ་ཚུད་ནས་ལོ་མང་པོར་རང་ཁྱིམ་དང་ཡང་ན་རང་གི་ལས་ཁུངས་སུ་ལོག་མ་ཐུབ་པར་ལུས་འགྲོ།དེས་ན་ལམ་ཁ་ཡོད་པ་ཙམ་གྱིས་ཁྱོད་བགྲོད་རུང་བ་མ་ཡིན་ལ།ས་འཁོད་སྙོམས་པ་ཙམ་གྱིས་ལམ་ཁ་ཡིན་པའི་ངེས་པའང་མེད་པས།དེའི་སྣེ་གཅིག་གཡང་གཟར་དང་མུན་པ་ཅི་ཞིག་དང་སྦྲེལ་ཡོད་མིན་རྟོགས་རྒྱུ་དེ་གལ་འགངས་ཧ་ཅང་ཆེ།དེས་ན་ཁྱོད་ཀྱིས་རང་ཉིད་ལ་ལམ་ཁ་གདམ་རྒྱུ་དེ་ལམ་ཁས་ཁྱོད་འདེམ་པ་ལས་ལྡབ་ཁྲི་སྟོང་གིས་ལེགས་ཡིན།

     ལམ་ཁ་ཡངས་ཤིང་བདེ་བས་ཁྱོད་ཀྱི་མྱུར་ཚད་དང་བགྲོད་ཇེ་མགྱོགས་སུ་འགྲོ་སྲིད་ནའང་།དེ་ལས་ཉེན་ཁ་དང་འཇིག་པའང་ཇེ་ཆེར་འཕེལ་བ་ཡིན་ཏེ།གཞུང་ལམ་སྟེང་མགོ་ལག་འཕྲལ་བའི་ཕུང་པོ་དུ་མ་འཁྲུལ་འཁོར་གྱི་འཁོར་འོག་ཏུ་བཅིར་བ་ཁྱོད་ཀྱིས་མཐོང་མྱོང་ཞིང་།གྲོང་ཁྱེར་ཆེན་པོའི་ཀློང་གི་མི་རྣམས་ཀྱིས་དེ་ནི་ཆེས་རྒྱུན་ཏན་གྱི་སྣང་ཚུལ་ཙམ་དུ་འཛིན་ངེས།འོན་ཏེ་རྐང་ལམ་སྟེང་ཁྱོད་ས་ཐོག་ཙམ་དུ་དགྱེལ་ནའང་ཁྱོད་ལ་ཚེ་སྲོག་གི་འཇིགས་ཉེན་ཕྲད་མི་སྲིད་མོད།ཁྱོད་ཀྱིས་ངུ་ཟུག་དང་སྨྲེ་ངག་རུམ་གང་ཕ་མའི་གམ་ན་བྱོ་ཆོག་ལ།ཕ་མས་ཀྱང་ཁྱོད་ཀྱི་ལག་ཆུང་ནས་འཇུས་ཏེ་ཡར་འཐེན་ཅིང་ཐལ་རྡུལ་བརྡབས་ནས་ངུ་ཁ་གསོ་སྲིད།དེས་ན་ཁོད་ཇི་ཙམ་ཡངས་པའི་ལམ་ཁར་མི་ཚོགས་དེ་ཙམ་གྱིས་སྟུག་ལ་ཉེན་ཁའང་དེ་ཙམ་གྱིས་ཆེ་བས།ཁྱོད་གཞུང་ལམ་དུ་འགྲོ་དུས་ངེས་པར་དུ་གོམ་པ་རེ་རེར་ཡང་ཚོད་འཛིན་ནན་པོ་བྱ་དགོས་ཤིང་།གོམ་པ་གཅིག་སྤོ་སྟངས་ནོར་ནའང་དེ་ཁྱོད་ཀྱི་འཆོ་གསོན་དང་འབྲེལ་ཡོད་པ་རྟོགས་དགོས།

     ཉི་ནུབ་ཀྱི་མཚམས་སྤྲིན་དམར་སེར་རེ་ལྡིང་དུས།ངས་ཕ་ཡུལ་གྱི་ལམ་ཆུང་སྐྱ་མོ་དེ་སྨག་རུམ་གྱིས་བཏུམས་མི་འགྲོ་བའི་སྨོན་ལམ་འདེབ་ཅིང་།དྲག་ཆར་དང་རླུང་འཚུབ་ཀྱི་གཤེད་མ་འཚུབ་ཆེན་རེ་ལྡང་དུས།ངས་ཕ་ཡུལ་གྱི་ལམ་ཆུང་དེ་ཆུ་ལོག་དང་ཐལ་རྡུལ་གྱིས་བཀབ་འགྲོ་བར་སེམས་ཁུར་བྱེད།འོན་ཏེ་ཉེ་དུས་ཕ་ཡུལ་དུ་གཞུང་ལམ་བསྐྲུན་པས་ད་གཟོད་གྲོང་ཁྱེར་ནས་ཕ་ཡུལ་དུ་ལྡོག་ན་སྟབས་བདེ་ཞིང་མྱུར་བ་ཞིག་ཡིན་པར་འདོད་མོད།ཡུལ་མི་ཚོས་གཞུང་ལམ་བཟོས་རྗེས་བྱིས་པ་དང་ཕྱུགས་ཟོག་མང་པོར་འཕྲུལ་འཁོར་གྱི་གནོད་འཚེ་བྱུང་རབས་གླེང་བཞིན།གཞོན་ནུ་སྐོར་ཞིག་ཀྱང་གཞུང་ལམ་བརྒྱུད་ནས་ཐག་རིང་དུ་སོང་སྟེ་མཐར་རང་ཁྱིམ་བོར་རབས་བརྗོད་པ་མ་ཟད།ཐ་ན་སྡེ་མི་ཕལ་ཆེར་གྲོང་ཁྱེར་དུ་ཞོར་ལས་ལ་སོང་སྟེ།ཞིང་ཁ་ཡངས་པོ་རྩ་ལྡུམ་གྱིས་ཁེངས་ཤིང་ལྷས་ར་ཆེན་པོ་སྟོང་སངས་སངས་དུ་འགྱུར་དུས།གཞུང་ལམ་འདི་གྲོང་ཁྱེར་བས་གྲོང་གསེབ་ལ་གཏད་པའི་བསླུ་བྲིད་ཅིག་ཡིན་པ་མངོན་གསལ་དུ་གྱུར།དེས་ན།ལོ་ངོ་སྟོང་ཕྲག་རིང་རི་ལམ་ལ་གོམས་པའི་ངེད་སྡེ་པར་གཞུང་ལམ་ལས་རྐང་ལམ་གལ་ཆེ་བ་ཡིན་ཏེ།རྐང་ལམ་འདི་ཁོ་ན་ད་གཟོད་རང་ཁྱིམ་གྱི་སྒོ་ཁ་བར་སྐྱ་ཤར་རེར་འཐེན་ཡོད་ཅིང་།རྐང་ལམ་འདི་ཁོ་ནའི་མགོ་རུ་ཕ་མ་དང་ན་ཟླས་ཁྱོད་ལ་སྒུག་ཡོད་པས་ཡིན།

     མུན་པའི་ཀློང་ན་ལམ་ཁ་མུན་པ་དང་འདྲེས་འགྲོ་བས།ལམ་ཡོད་པ་ཙམ་གྱིས་ཁྱོད་དམིགས་ཡུལ་དུ་སླེབས་པའི་ངེས་པ་མ་མཆིས་ཏེ། དེ་ལ་སྣང་བའི་རམ་འདེགས་དང་འདྲེན་བྱེད་ཀྱི་ནུས་པ་མཁོ།དེ་ཙམ་གྱིས་ཀྱང་མ་ཆོག་པར་ཤེས་རབ་ཀྱི་ལམ་འདྲེན་དང་ལེགས་ཉེས་དཔྱོད་པའི་བློ་སྤོབས་ལྡན་དགོས་པ་ཡིན། དེས་ན་ལམ་གྱི་མཐར་གཏུགས་པ་ནི་སེམས་ཁོངས་སུ་འབར་བའི་ཤེས་རབ་ཀྱི་འོད་སྣང་འབའ་ཞིག་ཡིན་པས། ཁྱོད་ཀྱིས་དེ་ཁོ་ནར་རེ་བསྙེག་དང་བློ་གཏད་བཅོལ་ཆོག་ཅིང་།སེམས་ཀྱི་ལམ་ཁར་ཚོད་འཛིན་དང་སེམས་ཀྱི་ལམ་ཁར་རྒྱུས་ལོན་ལེགས་པར་བྱུང་ཚེ།ད་གཟོད་ལམ་ཁ་ཆེ་ཆུང་གང་ཞིག་ཏུ་སོང་ནའང་ལམ་འཛོལ་དང་ཉེན་ཁའང་འཕྲད་མི་སྲིད་པས། ཁྱོད་ཐག་རིང་གི་གྲོང་ཁྱེར་ཆེན་པོ་ལས་ཕ་མ་དང་ན་ཟླ།ཡང་ན་རླུང་དར་ལྷབ་ཀྱིན་པའི་སྦྲ་རྒན་དེའི་ཕང་བར་ཤར་རེར་ལྡོག་ཆོག་ཆོག་ཡིན།དེ་ལས་ལྡོག་སྟེ་རང་སེམས་ཀྱི་ལམ་ཁར་ཚོད་འཛིན་མ་ཐུབ་ཚེ། རང་ཡུལ་དུ་གནས་ཀྱང་རང་ཁྱིམ་གྱི་སྒོ་མི་རྙེད་ཅིང་རང་ཁྱིམ་དུ་སླེབས་ཀྱང་ཕ་མ་ངོ་མི་ཤེས་པས། དེ་ནི་རང་ཡུལ་དུ་རང་ཉིད་བོར་བའི་ཚུལ་གཞན་ཞིག་ཡིན་ལ།རང་ཉིད་བོར་བར་དོགས་ནས་རང་ཉིད་ཁྱིམ་དུ་བཅུག་སྟེ་ཟྭ་བསྡམས་པ་དང་ཡང་མཚུངས་སོ།།



  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:ཁོ་ཧྥེ་ལས་མཁན་གྱི་བུ་མོ།