ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་གི་བུད་མེད་ཚོས་འཐག་ལས་གཉེར་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

དབྱངས་ཅན་གྱིས་བསྒྱུར།        2019-08-14

   

ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་གི་བུད་མེད་ཚོས་འཐག་ལས་གཉེར་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

    སྤྱི་ཟླ8པའི་ཚེས4ཉིན། ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་ཚྭ་ཁ་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་དུ་བུད་མེད་འགའ་འཐག་ཁྲིའི་མཐའ་སྐོར་དུ་བསྡད་ནས་ཁ་བརྡ་ལབ་ཞོར་དུ་ལག་བཟོ་བྱེད་བཞིན་འདུག ཚོན་མདོག་སྣ་ལྔ་ལྡན་པའི་དར་སྐུད་དེ་དག་ཁོ་ཚོའི་ལག་ནས་བརྒྱུས་ཏེ་སྤུས་ལེགས་མཛེས་སྡུག་གི་ཐོན་རྫས་སུ་གྱུར་པ་རེད།

     ཉེ་བའི་ལོ་ཤས་རིང་ཚོ་གསུམ་ཡུལ་ཤོག་ཁམས་འགག་དང་ཚྭ་ཁ་གྲོང་སྡེ་གཉིས་ཀྱི་ཡུལ་མི་དེ་བས་མང་པོས་བསླས་འཐག་འཕྲུལ་འཁོར་གྱི་ཟུར་དུ་བསྡད་དེ་བསླས་འཐག་བྱེད་གླ་རྒྱག་པ་ལས་ཕྱི་ཕྱོགས་སུ་གླ་རྒྱག་སར་ཕྱིན་ན་དགའ་བ་རེད་ཅེས་པའི་འདུ་ཤེས་མཁྲེགས་བཟུང་བྱས་པ་རེད། བརྟག་ཞིབ་ཐེངས་མང་བྱས་པར་བརྒྱུད། ཚོ་གསུམ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཁམས་འགག་དང་ཚྭ་ཁ་གྲོང་སྡེ་གཉིས་ལ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེར་ཚོང་རའི་དགོས་མཁོ་ངེས་ཅན་ཞིག་ཡོད་ཅིང་། མ་རྩ་ཆུང་ལ་ལས་ཞུགས་ཀྱི་འགྲོ་གྲོན་ཆུང་བའི་གནས་ཆུལ་རྒྱུས་ལོན་བྱུང་བར་མ་ཟད། མི་སྣ་མང་པོ་བསྡུ་རུབ་བྱེད་ཆོག་པ་དང་། ལས་ཀ་སྒྲུབ་སྟངས་བདེ་བ་རེད་ཅེས་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ལྷ་མོས་དེ་ལྟར་བཤད་པ་རེད།

    ད་ལོའི་སྤྱི་ཟླ5པ་ནས་བཟུང་ཡུལ་ཤོག་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག གྲོང་སྡེ་གཉིས་ཀྱི་ཡུལ་མིས་ཡང་བསྐྱར་ལག་ན་ཡོད་པའི་ཁབ་སྐུད་ཁྱེར་ནས་ཐུན་མོང་དུ་འབྱུང་འགྱུར་གྱི་བདེ་སྐྱིད་འཚོ་བ་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད། ད་ལྟར་ཚྭ་ཁ་གྲོང་སྡེའི་བྱེད་སྒོ་ལྟེ་གནས་ནང་འཐག་ལས་བུད་མེད25ཡིས་བོད་ལུགས་བསླས་འཐག་འཕྲུལ་འཁོར་ཐོག་བྲེལ་བ་བྱེད་བཞིན་འདུག སྔོན་ཆད་ང་རང་ཨ་མ་དང་མཉམ་དུ་བསླས་འཐག་ལག་རྩལ་སློབ་སྦྱོང་བྱས་མྱོང་། ད་ལྟར་གང་ཅིའི་ཐད་སྟབས་བདེ་བྱུང་ནས་ཁྱིམ་ནང་གི་བསླས་འཐག་ཐོན་རྫས་ཚང་མ་ཉོ་སྒྲུབ་བྱེད་དུ་འོང་བ་རྐྱང་པ་ཡིན་མ་གཏོགས་རང་ཉིད་ཀྱིས་ཡུན་རིང་ལ་བསླས་འཐག་བྱེད་མ་མྱོང་ཞེས་གྲོང་མི་ཆོས་འཛོམ་གྱིས་བོད་གདན་བསླས་འཐག་བྱེད་ཞོར་དུ་དེ་ལྟར་བཤད་པ་རེད།

བོད་གདན་ནི་ལག་ཤེས་ཐོན་རྫས་ཁོ་ན་ཡིན་སྟབས་ལས་ཡུན་རིང་ལ་ལས་རིམ་རྙོག་འཛིང་ཆེ་ནས་བོད་གདན་གཅིག་ལ་མི་འགའ་ཡིས་མཚམས་བགོས་ནས་བསླས་འཐག་བྱ་དགོས་པར་མ་ཟད། ད་དུང་རིམ་གོང་མཐོ་སྟབས་ཡུན་རིང་འགོར་རྗེས་གཞི་ནས་ཕན་འབྲས་ཐོབ་ཐུབ་པར་བརྟེན། ད་ལྟའི་གཞོན་ནུ་ལོ་ཆུང་ཚོས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་བས་སྦྱོང་མི་འདོད་པ་རེད། ང་ཚོས་བསླས་འཐག་བྱས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དེ་དག་བོད་གདན་ལས་མ་ཚད་ད་དུང་ཁུར་ཁུག་དང་། སྡོད་གདན། བཏུང་སྣོད་འཇོག་གདན་སོགས་ཐོན་རྫས་སྣ་མང་ཡོད་པ་རེད། བསླས་འཐག་ཐོན་རྫས་སྐེད་རག་དེར་སྤྱོད་གོ་ཆོད་པའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གཉིས་ཕྱོགས་གཅིག་ཏུ་འདུས་ཡོད། ཁྱིམ་ཚང་སོ་སོར་མི་རྒན་དང་ཕྲུ་གུ་ཡོད་པས་གྲོང་སྡེའི་ནང་གི་བུད་མེད་ཚོས་ཁོ་ཚོར་ལྟ་སྐྱོང་བྱ་དགོས་པའི་རྐྱེན་གྱིས་བུད་མེད་མང་པོ་ཕྱི་ཕྱོགས་སུ་གླ་རྒྱག་སར་འགྲོ་ཐབས་མེད་པ་རེད། བསླས་འཐག་ཁང་དུ་ཁོམ་པའི་དུས་ཚོད་ནམ་ཡོད་ན་དེར་འོང་ཆོག་པར་མ་ཟད། ད་དུང་བསླས་འཐག་ལས་ཀ་ཁྱིམ་དུ་ཁྱེར་ནས་ལས་ཆོག་གི་ཡོད་ཅེས་ཚྭ་ཁ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དགེ་ལེགས་ཀྱིས་འདི་ལྟར་བཤད་པ་རེད།

    ཤེས་རྟོགས་བྱུང་བར་ལྟར་ན། གྲོང་སྡེའི་བསླས་འཐག་ཐོན་རྫས10ཁ་ཤས་བཙོང་ནས་ཡོང་འབབ་སྒོར11900ཡོད་འདུག མིག་སྔར་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་གྲུབ་མ42ཡོད་པར་མ་ཟད་ཚོང་ཟོག་མངག་ཐོ་འགའ་བླངས་ཡོད་པ་རེད། བཀྲ་ཤིས་ལྷ་མོས་རྗེས་མར་ཁམས་འགག་དང་ཚྭ་ཁ་གྲོང་སྡེ་གཉིས་ཀྱི་གཅེས་སེམས་ལྡན་པའི་བསླས་འཐག་བཟོ་རྫས་མཉམ་ལས་ཁང་ཞིག་བཙུགས་ནས་ཇུས་འགོད་དང་།གསོ་སྦྱོང་།ཐོན་སྐྱེད།བྲིན་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཁེ་ལས་ཤིག་བསྐྲུན་ནས། སྲོལ་རྒྱུན་གྱི་བསླས་འཐག་བཟོ་རྩལ་གྱི་ཐོན་རྫས་དེ་ཕྱི་རྒྱལ་ལ་བྲིན་འཚོང་བྱེད་པའི་འཆར་གཞི་ཡོད་ཅེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་རང་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུར་གསུངས་བཤད་གནང་།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་འགུ་གཟི་ཡུལ་ཤོག་གིས་དབུལ་ཐར་འགག་སྒྲོལ་གནད་སྨིན་གྱི་ཐབས་ཇུས་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།