སྨོན་ཚིག་གསེར་ཞུན་མ།

        2019-08-02

        ༡

དཔྱིད་ཀྱི་དྭངས་གསལ་དུས་ཚིགས་འབོད་པ་རུ།།

མི་རྣམས་དབྱར་གྱི་དཔལ་ལ་སྒུག་ཙ་ན།།

རི་ལུང་ཐང་གསུམ་གད་བདར་བྱས་པ་དང་།།

ཁྱིམ་གྱི་ཕྱི་ནང་གཙང་སྦྲར་འབད་པ་དང་།།

ལྷ་རྣམས་མཆོད་ལ་ཀླུ་རྣམས་གསོལ་བ་དང་།།

རི་བོ་སྔོ་ལ་ཆུ་བོ་དྭངས་བའི་དུས།།

མེ་ཏོག་དང་ནི་ས་བོན་བཏབ་དུས་དེར།།

ཨ་མ་དྲིན་མོ་ཆེ་ཡི་བཀའ་དྲིན་ལས།།

ཡུལ་གྱི་མཐའ་འཁོབ་ཀླ་ཀློའི་ཡུལ་ཁ་དང་།།

མི་ཡི་ཐ་མ་ཀླ་ཀློར་མ་སྐྱེས་པར།།

ཆོས་དང་རིག་གཞུང་དར་བའི་གྲུ་ཁ་ཞིག །

བྱམས་དང་སྙིང་རྗེས་ཕྱུག་པའི་རིགས་རྒྱུད་ཅིག །

སྦྲ་ལ་ནག་པོ་ཕུབ་པའི་མཐོ་སྒང་ནས།།

སྐུ་ཡི་ལང་ཚོའི་མེ་ཏོག་བཞད་ཙ་ན།།

བདག་གིས་ཁྱོད་ལ་རྟེན་འབྲེལ་ཅིས་མི་ཞུ།།

           ༢

དེ་ལྟར་ཡབ་ཡུམ་ཟུང་གི་ཐུགས་བརྩེ་ཡིས།།

རང་གི་མིག་འབྲས་བཞིན་དུ་བསྲུངས་བ་དང་།།

དྲིན་ལ་ཟླ་མེད་བཤེས་གཉེན་གང་དེ་ཡིས།།

ཀ་ཁ་སུམ་ཅུ་ཟས་བཞིན་ལྡུད་པ་དང་།།

སློབ་གསོའི་འོ་མ་འཛད་མེད་འཕྱོ་བ་ཡིས།།

ལྟ་བ་རྟེན་དང་སྤྱོད་པ་འཚེ་མེད་པའི།།

ནང་བའི་ལྟ་གྲུབ་ཚད་མའི་གཞུང་ལུགས་ལ།།

སྦྱང་དང་བརྩོན་པའི་དུས་ཤིག་རྙེད་གྱུར་པ།།

ས་འདི་གསེར་དང་དངུལ་གྱིས་གང་གྱུར་ཀྱང་།།

དེ་ཡི་སྟོང་གི་ཆར་ཡང་མི་སྙོམས་པས།།

མི་ཚེ་དོན་དང་ལྡན་པར་ཡོང་བ་དང་།།

མི་ལུས་ལན་གཅིག་འགྲིམས་པའི་དོན་གོ་རུ།།

འཕྲལ་གྱི་བདེ་བས་ཕུགས་མདུན་མ་དོར་བར།།

བརྩོན་པའི་དམུ་ཐག་རིང་དུ་སྐྱོངས་ཤིག་བུ།།

              བེ་མདའ། 


  • ལེ་ཚན་སྔོན་མ།:ས་སྲོད་ཀྱི་དྲན་པ་བསྒུལ་བའི་གླུ།
  • ལེ་ཚན་རྗེས་མ།:རྨི་ལམ་ཀོག་པོ།