མི་ཉག་དཔལ་ལྷ་སྒང་དགོན་པའི་ལོ་རྒྱུས་མདོར་བསྡུས།

ཚེ་རིང་དོན་འགྲུབ།        2019-08-02

གཅིག མི་ཉག་ལྷ་སྒང་དགོན་པའི་མིང་གི་འབྱུང་ཁུངས་དང་དེའི་བཞེངས་ཚུལ་སྐོར།

༼ ཆོས་འབྱུང་མཁས་པའི་དགའ་སྟོན༽ དང༼ བཀའ་ཆེམས་ཀ་ཁོལ་མ༽ ཡི་གསུང་འབུམ་དུ་མི་ཉག་ལྷ་སྒང་དགོན་པ་ནི་བོད་རྒྱལ་བདུན་པ་སྲོང་བཙན་སྒམ་པོའི་སྐབས་སུ་ལྷ་ཁང་ཞིག་བཞེངས་ཡོད་པ་བསྟན་ཏེ་བོད་རྒྱལ་སྲོང་བཙན་སྒམ་པོས་ཐབས་དང་ཤེས་རབ་ལ་བརྟེན་ནས་བོད་ཆེན་པོ་མངའ་འོག་སྡུད་ཅིང་རྒྱལ་ས་ལྷ་སར་སྤོས་པ་དང་ཆོས་ལུགས་དར་སྤེལ་བཏང་བ། ཡི་གེ་གསར་དུ་བཅོས་ཏེ་རིག་གནས་སྤེལ་བ། རྒྱ་བལ་གཉེན་དུ་བསྡེབས་ཏེ་ཕྱི་འབྲེལ་མཛའ་མཐུན་བྱུང་བ། རྒྱ་ནག་གོང་མ་དང་ཕྱི་འབྲེལ་མཛའ་མཐུན་འཛུགས་དུས་རྒྱ་ནག་གོང་མ་ཐང་ཐའེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བག་མ་བསུས་རྗེས་རྒྱ་བཟའ་ཀོང་ཇོས་བོད་ཀྱི་ས་ཁམས་ཆགས་ཚུལ་ལ་གཞིགས་ཏེ་སྲིན་མོ་གན་རྐྱལ་དུ་འགྱེལ་འདྲའི་དབྱིབས་ལྟ་བུ་ཡིན་པར་ངེས་པར་དུ་སྲིན་མོའི་མགོ་རྐང་ལག་དང་དོན་ལྔ་སྣོད་དྲུག་སོགས་ཀྱི་ཐོག་ཏུ་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་དགོས་ཚུལ་བསྟན་པ་དང་མི་ཉག་ལྷ་སྒང་དགོན་པ་ནི་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་པའི་ཆེས་མཐའ་མ་ཡིན་པས་མཚན་ལ་ཡོངས་རྫོགས་རབ་དགའི་ལྷ་ཁང་ཞེས་གསོལ། དོན་དུ་ལྷ་ཁང་བརྒྱ་དང་བརྒྱད་ཡོངས་སུ་རྫོགས་པ་བཞེངས་པར་བོད་རྒྱལ་བཙན་པོ་དང་འབངས་མི་སེར་ཚང་མ་རབ་ཏུ་དགའ་བའི་རྒྱུ་མཚན་གྱིས་དེ་ལྟར་གསོལ་པ་ཡིན།

སྤྱིར་དཔལ་ལྷ་སྒང་གི་གནས་འདིར་མཚོ་ཆུང་ཞིག་ཆགས་ཡོད་པས་མིང་ལ་མཚོ་ལུང་ཞེས་པ་དང་དེའི་མཚོ་དཀྱིལ་དུ་རང་བྱུང་གི་རྡོ་ཕ་བོང་གྲུ་བཞི་མ་ཞིག་ཡོད། རྡོ་ཕ་བོང་གྲུ་བཞི་མ་ནི་ཡ་མཚན་རྨད་དུ་བྱུང་བ་ཞིག་སྟེ་གང་ཟག་སུས་མཇལ་བའི་གོ་སྐབས་བྱུང་ན་ཡ་མཚན་བའི་མཐོང་ཐོས་མི་འདྲ་བ་ཡོད་དེ། དཔེར་ན་སངས་རྒྱས་ཀྱི་སྐུ་ཤར་བ་དང་འཇའ་ཚོན་སྣ་ལྔ་ཤར་བ། སྤྱན་རས་གཟིགས་དངོས་སུ་བྱོན་པ། ལེགས་འབྲས་ཀྱི་སྨོན་ལམ་ཐོས་པ། སྐྱབས་འགྲོ་སྒྲོལ་མ་འདོན་པའི་སྐད་སྙན་གྲགས་པ་ལྟ་བུའོ།། མཚོ་དེ་དང་འབྲེལ་བའི་དམངས་ཁྲོད་གཏམ་རྒྱུད་མང་པོ་བཤད་སྲོལ་ལས་དཔེར་མཚོན་ཙམ་བཀོད་ན། གནས་དེར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བྱོན་ཏེ་ཕྱག་ནས་གཏོར་བ་དང་ཆབས་གཅིག་སངས་རྒྱས་ཀྱི་བསྟན་པ་དར་བའི་གསོལ་བ་འདེབས། རིམ་བཞིན་མཚོ་འདི་མར་མར་གྲིབ་ནས་ས་རྡོ་དང་རྡོ་ཕ་བོང་གྲུ་བཞི་མ་ཕྱིར་བུད་དེ་ནམ་མཁའ་ནས་ལེགས་སོ་ཞེས་པའི་སྒྲ་སྙན་གྲགས་པ། དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཀླུའི་རྒྱལ་པོའི་རེ་བ་ལྟར་སངས་རྒྱས་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་ལྡན་པའི་ཆེད་དུ་གནས་དབུས་སུ་མཚོ་ཁ་སྒེའུ་ཁུང་ཆེ་ཆུང་ཞིག་བཞག་སྟེ་ཀུན་གྱིས་གྲུབ་ཆུ་ཞེས་བརྗོད་པས་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། སྤྱི་ལོ641ལོར་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བག་མ་བསུས་ཏེ་གནས་དེར་སླེབས་དུས་བག་རྫོངས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྟེན་ཡིས་མི་འགྲོ་ཞེས་གསུངས་བྱོན་པ་བཞིན་དུ་གནས་འདིའི་རྡོ་ཕ་བོང་གི་འགྲམ་དུ་ཇོ་བོ་ལྷ་ཁང་ཞིག་དང་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཚབ་ཨ་ན་མ་ན་ཞིག་བཞེངས། མཚན་ལ་ཇོ་བོ་མི་འགྲོ་གསུངས་བྱོན་ཞེས་གསོལ་པ་འདི་ནི༼ ཡང་གསང་དཀར་ཆག༽ དང༼ དཔལ་ལྷ་སྒང་གི་གནས་བསྟོད།༽ ཞེས་པའི་གནའ་དཔེ་གཉིས་ལས་རྟོགས་ཐུབ། 

སྤྱིར་རྒྱལ་བཟའ་ཀོང་ཇོ་བོད་ལ་གདན་འདྲེན་བྱེད་དུས་ཁམས་ཕྱོགས་བརྒྱུད་ནས་དབུས་སུ་ཕེབས་མེད་ནའང་དོན་དུ་གནས་འདིར་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ལྷ་ཁང་ཞིག་བཞེངས་ཡོད་པ་དང་གནས་དེར་མཚོ་ལུང་ཞེས་མིང་བཏགས་པ་རྟོགས་ཐུབ། རྗེས་སུ་འདིར་ལྷ་བཞུགས་པའི་གནས་ཡིན་པའི་རྒྱུ་མཚན་དུ་བྱས་ནས་མཚོ་ལུང་དེར་ལྷ་ལུང་ཞེས་པའི་མིང་དུ་འགྱུར། བསྟན་པ་ཕྱི་དར་གྱིས་དུས་སུ་ཕ་བླ་མ་ཚང་ཞེས་པའི་རྩ་བའི་བླ་མ་ཞིག་གིས་ཇོ་བོ་ལྷ་ཁང་ཉམས་གསོ་བྱས་ཏེ་དགོན་པ་གསར་བཞེངས་དང་རྒྱ་བསྐྱེད་བྱས་ཏེ་བློན་པོ་མགར་དང་རྒྱ་བཟའ་ཀོང་ཇོ་སོགས་ཀྱི་སྐུ་རྟེན་བཞེངས་པ། དེའི་དུས་སུ་ལྷ་སྒང་གི་གནས་འདི་ནི་ནོར་བུ་དགའ་འཁྱིལ་གྱི་གཟུགས་དབྱིབས་ལྟ་བུ་ཞིག་ཡིན་པ་མཐོང་སྟེ་ལྷ་ལུང་དང་ནོར་བུ་དགའ་འཁྱིལ་གྱི་མིང་གཉིས་བསྡུས་ཏེ་ལྷ་དགའ་ཞེས་མིང་བྱུང་བ་དང་བཀའ་བརྒྱུད་ཀྱི་གྲུབ་མཐའ་དང་འདྲེས། ཡང་དམངས་ཁྲོད་དུ་ལྷ་དགའ་བའི་གནས་ཡིན་པའི་རྒྱུ་མཚན་གྱི་ལྷ་དགའ་ཞེས་མིང་ཐོབ་པའང་བཤད་སྲོལ་ཡོད། དེས་ན་ད་ལྟ་ཕལ་ཆེར་བས་གནས་འདིར་ལྷ་སྒང་ཞེས་བརྗོད་པས་དེའི་རྒྱུ་མཚན་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ལྟེ་གནས་ཡིན་པའི་རྒྱུ་མཚན་གྱིས་ལྷ་དང་སྒང་གཉིས་བསྡུས་ཏེ་ལྷ་སྒང་ཞེས་བརྗོད་པ་ཡིན་ནོ།།

གཉིས། དཔལ་ལྷ་སྒང་དགོན་པའི་བླ་སྤྲུལ་མཁན་གསུམ་གྱིས་བྱིན་གྱིས་རླབས་ཚུལ་སྐོར།

༼ ཡང་གསང་དཀར་ཆག༽ ལས་དཔལ་ལྷ་སྒང་དགོན་པའི་གདན་ས་འདིར་སྙན་གྲགས་ཆེ་བའི་རྒྱ་གར་དང་བོད་ཀྱི་བླ་སྤྲུལ་མཁན་གསུམ་གང་མང་ཞིག་ཕེབས་ནས་བྱིན་གྱིས་རླབས་མྱོང་ལ། སྤྱན་རས་གཟིགས་ཀྱིས་གནས་དེར་རབ་གནས་དང་གསོལ་བ་འདེབས་ཏེ་ས་ལུ་འབྲུ་བདུན་བཏབས་ནས་མཚོ་དེ་སྐམ་པའི་བཤད་སྲོལ་དང་བྱིན་གྱིས་རླབས་མྱོང་བ། རྗེས་སུ་རྒྱ་བཟའ་ཀོང་ཇོ་བོད་ལ་གདན་འདྲེན་དུས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྟེན་གྱིས་མི་འགྲོ་ཞེས་གསུང་བྱོན་པ་དེ་ནི་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན་པའི་རྒྱུ་མཚན་བཤད་པ། རྒྱ་གར་གྱི་གྲུབ་ཆེན་ཧཱུཾ་ཆེན་ཀ་ར་ཕེབས་ཏེ་གནས་དེར་རབ་གནས་མཛད་མྱོང་སྟེ་རྗེས་སུ་མཆོད་རྟེན་ཞིག་བཞེངས་ཏེ་མཚན་ལ་གྲུབ་ཆེན་ཧཱུཾ་ཆེན་ཀ་རའི་མཆོད་རྟེན་ཞེས་གསོལ། དེ་བཞིན་དུ་གྲུབ་ཐོབ་ཧཱུཾ་ཆེན་ཀ་ར་དང་གྲུབ་ཆེན་བྲམ་ཟེ་མགོན་པོ། སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་སྟེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ་མཁན་གྲུབ་ཆེན་ས་ར་ཧ་པ་གཙོས་པའི་རྒྱ་གར་གྲུབ་ཆེན་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱོན་ཏེ་དམ་སྲི་གདུག་པ་ཅན་རྣམས་མནན་པ་དང་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྤེལ་ཆེད་ཕྱོགས་བཞི་མཚམས་བརྒྱད་དུ་མཆོད་རྟེན་བཞེངས་ཏེ་ཤར་ཞི་བའི་མཆོད་རྟེན་དཀར་པོ་དང་ལྷོ་རྒྱས་པའི་མཆོད་རྟེན་སེར་པོ། ནུབ་དབང་གི་མཆོད་རྟེན་དམར་པོ། བྱང་དྲག་པོའི་མཆོད་རྟེན་ལྗང་ཁུ་སོགས་གཙོ་བོའི་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་མྱོང་ཡོད། དུས་རབས་བརྒྱད་པར་སད་མི་མི་བདུན་གྱི་ཡ་གྱལ་ལོ་ཙཱ་བ་ཆེན་མོ་བཻ་རོ་ཙ་ན་བྱོན་མྱོང་སྟེ་ཤར་བཞག་བྲ་དཀར་པོའི་འོག་ཏུ་བཻ་རོ་ཙ་ནའི་སྒྲུབ་ཕུག་ཀྱང་ཡོད། སྤྱི་ལོ1276ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ཧོར་ཡུལ་ནས་བོད་དུ་ཕེབས་པའི་ལམ་བར་དུ་ལྷ་སྒང་དགོན་དུ་ཕེབས་ཏེ་ཕྱག་ནས་གནང་བ་དང་རྗེ་བཙུན་བྱམས་པའི་སྐུ་ཞིག་བྱིན་པས་ད་ལྟ་འདུ་ཁང་དུ་མཇལ་རྒྱུ་ཡོད། དེ་བཞིན་དུ་འགྲོ་མགོན་འཕགས་པས་རྡོ་ལེབ་ཞིག་གི་ཐོག་ཏུ་ཞབས་རྗེས་བཞག་སྟེ་ད་ལྟ་ཇོ་ཁང་དུ་དངོས་སུ་མཇལ་རྒྱུ་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་ལྷ་སྒང་དགོན་དུ་ཕེབས་པ་ནས་བཟུང་ས་སྐྱའི་གྲུབ་མཐའ་དང་འདྲེས་ཏེ་ད་བར་དུ་ས་སྐྱ་བ་ཡིན། དེ་མིན་སྐྱེས་ཆེན་དམ་པ་རྒྱལ་བ་དང་པཎ་ཆེན། ས་སྐྱ་གོང་མ། ངག་དབང་ལེགས་པ། གཅུང་རིན་པོ་ཆེ། ཀརྨ་བ། མདོ་མཁྱེན་བརྩེ་སོགས་བྱོན་མྱོང་ལ་བྱིན་གྱིས་བརླབས་པར་གྲགས།

གསུམ། དགོན་པའི་དོ་དམ་སྒྲིག་གཞི་དང་དགོན་པའི་ད་ལྟའི་གནས་བབ་སྐོར།

དཔལ་ལྷ་སྒང་དགོན་པའི་དོ་དོམ་དང་བདག་གཉེར་སྒྲིག་གཞི་ལ་དགོན་བདག་བླ་མ་དང་དགོན་པའི་མཁན་པོ། དབུ་མཛད། དགོན་དཔོན། དགེ་བསྐོས། མཆོད་དཔོན་རྒན་གཞོན་བཞི། ཕྱག་མཛོད་གཉིས། གྲྭ་པའི་ཁ་གྲངས་ཉིས་བརྒྱ་ཡས་མས་ཙམ་བཞུགས། དགོན་པའི་འཛུགས་ཁང་ནི་གཙུག་ལག་ཁང་དང་འདུ་ཁང་། གཉེར་ཁང་། དཔེ་མཛོད་ཁང་གཉིས། ཇ་ཁང་། གྲུབ་ཆེན་ཧཱུཾ་ཆེན་ཀ་རའི་མཆོད་རྟེན་ལྷ་ཁང་། གུ་རུ་རིན་པ་ཆེའི་ལྷ་ཁང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་། སྲུང་མ་ཁང་། ཇོ་བོ་ཤཱཀྱ་མུ་ནེ་མི་འགྲོ་གསུང་བྱོན་གྱི་ལྷ་ཁང་། བླ་བྲང་ཁང་། གྲྭ་ཤག་དང་བཅས་པ་ཁང་མིག་དུ་མ་ཡོད། སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་ཚུལ་ནི་གཙོ་བོ་ཇོ་ཁང་ནང་གི་ཇོ་བོ་མི་འགྲོ་གསུང་བྱོན་གྱི་སྐུ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ། བློན་པོ་མགར་སྟོང་བཙན། རྒྱ་བཟའ་ཀོང་ཇོ། རིགས་གསུམ་མགོན་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་འཕགས་པ་བློ་གྲོས་རྒྱལ་མཚན། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་བཅས་ཀྱི་ས་སྐྱ་གོང་མ་རྣམ་ལྔའི་སྐུ་རྟེན་བཅས་དང་། སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ་ཐོག་རྩེག་གཅིག་ཅན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་བློན་པོ་མགར་སྟོང་བཙན་གྱིས་བཟོས་པའི་སྟོན་པའི་སྐུ། རྒྱལ་དབང་ཀརྨ་པའི་སྐུ་གཅིག ཐོག་བརྩེགས་གཅིག་ཅན་གྱི་འཕགས་པ་ཐོགས་མེད་རྟེན་རྒྱལ་བ་བྱམས་པ། ཨོ་རྒྱན་ལྷ་ཁང་དུ་གུ་རུ་ཤཱཀྱ་སེངྒེ་དང་གུ་རུ་པདྨ་སཾབྷ། གུ་རུ་ཉི་མ་འོད་ཟེར། གུ་རུ་སེངྒེ་སྒྲ་སྒྲོག གུ་རུ་རྡོ་རྗེ་གྲོ་ལོད། གུ་རུ་མཚོ་སྐྱེས་རྡོ་རྗེ། གུ་རུ་པདྨ་རྒྱལ་པོ། གུ་རུ་བློ་ལྡན་མཆོག་སྲེད་བཅས་གུ་རུ་མཚན་བརྒྱད། འདས་པའི་སངས་རྒྱས་མར་མེ་མཛད་དང་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་སངས་རྒྱས་བྱམས་པ་མགོན་པོ་བཅས་དུས་གསུམ་སངས་རྒྱས། བཀའ་འགྱུར་ཁང་དུ་ཆོས་རྒྱལ་འཕགས་པས་གནང་བའི་ཙན་དན་གྱི་བྱམས་པ། བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་དུ་ཐོག་བརྩེགས་གཅིག་ཅན་གྱི་དུས་གསུམ་སངས་རྒྱས། སྐུ་གདུང་ཆ་བརྒྱད། སྲུང་མ་ཁང་ནང་དུ་གུར་ཞལ་ལྷ་གསུམ་དང་ལས་མགོན་སྡེ་ལྔ། བྲག་ལྷ། རྟ་མགྲིན། སྐུ་རྟེན་ཆེ་ཆུང་མི་འདྲ་བ་ལྔ་བཅུ་ལྷག་དང་ཐང་ག་ཆེ་ཆུང་ལྔ་བཅུ་ལྷག སྡེ་དགེ་དང་ལྷ་ས་སོགས་ཀྱི་བཀའ་བསྟན་འགྱུར་གྱི་པར་མ་ཆ་ཚང་། དགོན་པའི་རྒྱབ་ཕྱོགས་སུ་མཆོད་རྟེན་ཆེན་པོ་བཞི་གཙོ་བོ་མཆོད་རྟེན་བརྒྱ་དང་བརྒྱད་ལྷག་ཡོད། དགོན་པའི་གནའ་ཤུལ་དངོས་རྫས་མང་ལ་གཙོ་བོ་ནི་གསེར་དངུལ་ལི་ཟངས་སོགས་ཀྱི་གྲུབ་པའི་སྐུ་རྟེན་མང་ཞིང་དཔེར་ན་རྒྱ་གར་ཤར་ལིའི་སྟོན་པའི་སྐུ་དང་བཀའ་གདམས་མཆོད་རྟེན་སོགས་ལྟ་བུ། ཇོ་བོ་མི་འགྲོ་གསུང་བྱོན་གྱི་སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་མང་སྟེ་དཔེར་ན་གསེར་དངུལ་ལས་མགར་བའི་དབུ་རྒྱན་དང་སྙན་རྒྱན། མགུལ་རྒྱན་སོགས་དང་གཡུ་བྱུ་རུ་མུ་ཏིག་སྤོས་ཤེལ་སོགས་ཀྱི་མགུལ་རྒྱན་དབུ་རྒྱན། དངུལ་གྱི་ཏིང་ཕོར་དང་ཏིང་ཕོར་ཆ། ལྷ་ཁང་དུ་དངུལ་ཟངས་ལི་ལས་གྲུབ་པའི་ཀོང་བུ་ཆེ་ཆུང་མི་འདྲ་བ། གསེར་དངུལ་ཟངས་མུ་ཏིག་དུང་གི་གྲུབ་པའི་རྡོ་རྗེ། སིལ་སྙན། སྦུག་ཆལ། རྡོར་དྲིལ། རྐང་གླིང། རྒྱ་གླིང་། དུང་། གདུགས་རྒྱལ་མཚན་བ་དན་ཀ་འཕན་སོགས་ལྟ་བུ་མཆོད་རྫས་ཆ་ཚང་བ་ཡོད།

སྤྱིར་དཔལ་ལྷ་སྒང་དགོན་པའི་དགོན་བདག་བླ་མ་ནི་ཆེས་ཆེ་བའི་གོ་གནས་ཡིན་ལ་དགོན་པའི་བསྟན་པའི་བདག་པོ་ཡིན། ད་ལྟའི་དགོན་པའི་བསྟན་པའི་བདག་པོ་ནི་མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་ཡིན་ཞིང་ཁོང་ནི་སྤྱི་ལོ1943བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་མི་ཉག་དཔལ་ལྷ་སྒང་དུ་སྐུ་འཁྲུངས་ཤིང་དགུང་ལོ་བཞིའི་ཐོག་ཏུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ་ངོས་བཟུང་། 1981ལོར། གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་གཙོས་པའི་འབའ་ཐང་བཀྲ་ཤིས་ཚེ་རིང་དང་མཉམ་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས། སློབ་གྲྭ་འདིས་རང་རྒྱལ་བོད་སྐད་ཡིག་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་བྱས་ཡོད། སྤྱི་ལོ1978ལོར་ཐུབ་བསྟན་ཉི་མ་ལགས་ཀྱིས《བོད་རྒྱ་ཚིག་མཛོད་ཆེན་མོ》ཡི་གཙོ་སྒྲིག་པའི་འགན་བཞེས་ཤིང་ཚིག་མཛོད་དེར་ཝུའུ་དབྱི་ཀྲང་བྱ་དགའ་ལས་སྐད་དང་ཡི་གེའི་ཐད་ཀྱི་ཨང་དང་པོ་ལོན། 1987ལོ་ནས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་འགྱུར་དཔེ་བསྡུར་ཅུས་བཙུགས་པ་དང་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ《བསྟན་འགྱུར་དཔེ་བསྡུར་མ།》(པོད124)དང《བཀའ་འགྱུར་དཔེ་བསྡུར་མ།》(པོད108)པར་སྐྲུན་འགྲེམས་སྤེལ་བྱས་ཏེ་རང་རྒྱལ་བོད་རིག་པའི་ཁྱབ་ཁོངས་ནང་མཛད་རྗེས་རླབས་ཆེན་ཞིག་བཞག་ཡོད་པ་རེད། 2002ལོ་དང2003ལོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ《བོད་ཀྱི་ལོ་རྒྱུས་ཡིག་ཚགས་མྱུར་སྐྱོབ་དོ་དམ་དང་དེར་སྲུང་སྐྱོབ་བྱེད་པའི་ཡིག་ཚགས་བཟོ་བའི་གྲོས་ཡིག》སྤྲད་པ་རེད། གཟན་དཀར་ཐུབ་བསྟན་ཉི་མ་མཆོག་དང་བཅས་པའི་འབད་བརྩོན་འོག《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》རྩོམ་སྒྲིག་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དངོས་ཡོད་ལག་ལེན་གྱི་དོན་སྙིང་ལྡན། ཁོང་གིས་སྔ་རྗེས་སུ་《ཤེས་བྱ་ཀུན་ཁྱབ།》དང《རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར།》《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》《ཐེག་པ་རིམ་པ་དགུའི་རྣམ་བཤད།》《བྲག་དཀར་བློ་བཟང་དཔལ་ལྡན་གྱི་རྣམ་ཐར། 》《དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ། 》《ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།》《ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ།》སོགས་རྩ་ཆེན་པར་སྐྲུན་དང་འགྲེམས་སྤེལ་གནང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ཐད་ནས་མཛད་རྗེས་རྒྱ་ཆེར་བཞག་ཡོད། དགོན་པའི་བསྟན་པའི་བདག་པོ་ནི་དད་ལྡན་སྐྱ་སེར་ཕོ་མོ་ཡོངས་ཀྱི་རྩ་བའི་བླ་མ་ཡིན་ལ་འཕགས་པའི་ཤེས་རབ་ཕར་རོལ་ཏུ་ཕྱིན་པའི་དེད་དཔོན་གཙོ་བོ་ཡིན། ལྷ་སྒང་དགོན་པའི་སྤྲུལ་སྐུ་ནི་རི་ཁུད་དགོན་པའི་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོར་ཟེར་གྱིས་སྤྲུལ་བདག་འཛིན་པའི་བླ་མ་དམ་པ་རྟ་མགྲིན་ཆོས་དར་མཆོག་གི་ཡང་སྲིད་བླ་མ་ཆོས་ཀྱི་རྒྱལ་མཚན་ཡིན། དཔལ་ལྷ་སྒང་དགོན་པ་ནི་རི་ཁུད་དགོན་ཆེན་གྱི་དགོན་ལྷག་གམ་བུ་དགོན་ཡིན་ཅིང་སྔོན་ནས་ཁྲི་པ་བཏང་བའི་ལུགས་སྲོལ་ཡོད།

1950ལོར་རི་ཁུད་སྐུ་ཞབས་ཀྱིས་ལྷ་སྒང་དགོན་ལ་མཆོག་སྤྲུལ་བླ་མ་ཆོས་ཀྱི་རྒྱལ་མཚན་ངོས་འཛིན་བྱས་ཏེ་ལྷ་སྒང་དགོན་པའི་ཁྲི་པ་དང་བསྟན་པའི་བདག་པོར་གྱུར་པས་ད་བར་དུ་འགན་བཞེས་གནང་ཡོད། མཆོག་སྤྲུལ་བླ་མ་ཆོས་ཀྱི་རྒྱལ་མཚན་ནི1946ལོར་རྒྱ་ནག་ཁྲེང་ཏུའུ་ས་ཁུལ་དུ་རྒྱ་རིགས་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་དགུང་ལོ4ཐོག་རི་ཁུད་དགོན་དང་ལྷ་སྒང་དགོན་གཉིས་ཀྱི་སྤྲུལ་སྐུ་ངོས་འཛིན་བྱས་ཏེ་ཆོས་ལུགས་ཀྱི་སློབ་གསོ་ཐོབ་ཡོད། གཞོན་དུས་ནས་ནང་ཆོས་ལ་དགའ་ཞིང་བྱམས་སྙིང་རྗེ་ཆེ་བའི་བླ་མ་མཆོག་ཏུ་གྱུར་པ་ཞིག་ཡིན།

མདོར་ན། མི་ཉག་དཔལ་ལྷ་སྒང་དགོན་པར་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་འགྱུར་ལྡོག་དང་རྐྱེན་ངན་སྣ་ཚོགས་བྱུང་སྟེ་སྔ་རྗེས་སུ་གཏོར་བཤིག་ཐེངས་མང་བྱུང་མྱོང་ཞིང་བསྐྱར་གསོ་ཐེངས་མང་བྱས་ཡོད། ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་མི་ཉག་དགོན་སྡེས་མི་དམངས་ཡོངས་ལ་དད་སེམས་སྐོང་བ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོང་བར་རམ་འདེགས་ཐོན་པ། སློབ་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཐོན་པ། སྤྱི་ཚོགས་གཏན་འཇགས་སུ་གཏོང་བར་སྐུལ་འདེད་སོགས་ཀྱི་ཕན་ནུས་གལ་ཆེན་འདོན་པ་དང་ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ནུས་པ་གལ་ཆེ་བཏོན་ཡོད་དོ།།

  • ལེ་ཚན་སྔོན་མ།:ལི་ཐང་དགོན་པའི་དགོན་ས།
  • ལེ་ཚན་རྗེས་མ།:གསེར་ཧོར་ཤུལ་དགོན་པའི་ལོ་རྒྱུས་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10