ཁྱེད་ཀྱིས་དྲན་ནམ།

སྒོ་རང་གྲོལ།        2019-07-26

   

ཁྱེད་ཀྱིས་དྲན་ནམ།

    ཚེ་རབས་མང་པོ་འདས་པའི་འཇིག་རྟེན་དང་།།

    འཁོར་བ་ལས་ཀྱིས་འདེད་པའི་དེ་རིང་ལ།།

    མཛེས་སྡུག་ཡིད་འོང་བུ་མོ་ཁྱེད་དང་འཕྲད།།

    སྙིང་ཆུང་དམར་བོ་ཁྱེད་ལ་དེ་ནས་སྦྱིན།།

    སྙིང་སྡུག་ལགས།ཁྱེད་ཀྱིས་དྲན་ནམ།བཀོད་པ་ཆ་མེད་དེ་དང་ལས་དབང་བསམ་གནག་དེ་ཡིས་ང་རང་གྲོང་ཁྱེར་དེ་རུ་བསྐྱལ་ཡོད་ཁྱོད་ཀྱིས་མི་ཤེས་ལ།དག་དག་ནམ་ཟླ་དྲོ་ལ་གློག་འོད་ཀྱི་སྒྱུ་མ་ལྟ་བའི་གྲོང་ཁྱེར་དེ་ན་ཁྱོད་ཡོད་པ་ཡང་སུ་ཞིག་གིས་ཤེས།ཆེས་ཐོག་མར་ཁྱེད་ཀྱིས་ང་ཡི་ལག་པར་འཇུས་ནས་ང་རང་ཐོན་པས་དགའ་མགུ་བྱེད་པའི་རྣམ་འགྱུར་དེ་རིག་མ་ཐག ང་ཡི་ཡིད་ཀྱི་ཚོར་འདུའི་ཕུང་བོ་གཅིག་དུ་དྲིལ་ནས།སྣང་བ་དང་སྣང་བའི་ཁམས་ནས་ལུས་ཀྱི་རྩ་ལམ་སོ་སོར་ག་ལེར་ཁྱབ་པ་དང་།ངའི་མིག་མདུན་ན་ཡོད་པའི་ཁྱེད་ནི།འཇིག་རྟེན་སྐོར་བ་བརྒྱབ་ཀྱང་རྙེད་དུ་མེད་པའི་མཛེས་སྡུག་ཅིག་དུ་གྱུར་མྱོང་བ་ཁྱེད་ཀྱིས་ཤེས་སམ།དུས་དེ་ནས་བཟུང་།ཁྱེད་ནི་ངའི་འཇིག་རྟེན་ཀྱི་རི་མོར་མཛེས་སྡུག་གི་ཆ་ཤས་སྟེར་བའི་མི་དེར་འགྱུར་བར་རེ་ལྟོས་བྱེད་མྱོང་ལ།ཡིད་ཕམ་དང་སེམས་སྡུག་གིས་གང་བའི་ང་རང་།སྐད་ཅིག་མར་གྲོང་ཁྱེར་དེ་རུ་ཆགས་པའི་མི་བུ་སེམས་སྐྱིད་ཅིག་དུ་གྱུར་མྱོང་བ་ངས་ནམ་ཡང་མི་བརྗེད།

    འགྲོགས་ན་གཤིས་ཀ་འཇམ་པའི་བུ་མོ་ཁྱོད།།

    དཀའ་ན་ལུས་སེམས་བདེ་བར་ཁྱོད་ཀྱིས་བྱེད།།

    སྐྱིད་ན་འཛུམ་མདངས་དྲོན་མོ་ང་ལ་སྟོན།།

    ཡིད་འོང་ལྷ་མོ་ཁྱེད་ནི་བདག་གི་མགོན།

    སེམས་རྟེན་མ།ཁྱེད་ཀྱིས་དྲན་ནམ།གྲོང་ཁྱེར་གྱི་མཁའ་དབྱིངས་སུ་དུ་སྨུག་གི་ཕུང་བོའི་ཁྱབ་ཅིང་།པ་ཏྲ་ལྟ་བའི་གཞུང་ལམ་དུ་རླངས་འཁོར་གྱི་འགྲུལ་བཞུད་རྒོད་ལ།ལྷ་ཡུལ་གྱི་ཕོ་བྲང་འདྲ་བའི་ཁང་བརྩེགས་དག་གི་མདུན་ན་མི་ཚོགས་ཀྱི་འཚིང་ཁ་བྱེད་པའི་ཉིན་མོ་དེའི་ས་སྲོད་དེར།ངེད་གཉིས་ཀྱིས་ཁ་པར་གྱི་ལམ་ནས་ཁ་བརྡ་ཀློད་པ་དང་ཐུག་འཕྲད་བྱེད་པར་སྟ་གོན་བྱེད་དུས།བདག་གི་སེམས་སུ།དེ་ནི་འཇིག་རྟེན་གྱི་མཛེས་སྡུག་གི་ཆ་ཤས་ཡོད་དོ་ཅོག་གཅིག་དུ་བསྒྲིལ་བ་ལས་ཀྱང་རབ་དུ་མཛེས་པའི་སྐབས་ཤིག་དུ་སེམས་མྱོང་ལ།སྲིད་ཁམས་ཀྱི་འདུས་བྱས་ཀྱི་རྒྱུ་ནོར་ཐམས་ཅད་གཅིག་ཀྱང་མ་ལུས་པར་བདག་ལ་དབང་བ་ལས།ཁྱོད་གཅིག་པུར་ཐུག་འཕྲད་ཐེངས་ཤིག་བྱེད་པ་དེ་ཡིས་བདག་སེམས་མགུ་བར་གྱུར་མྱོང་བ་ཁྱེད་ཀྱིས་ཤེས་སམ།ཡུན་རིང་ལ་སེམས་ཀྱི་གཏིང་རིམ་དུ་བསྙལ་བའི་སྙིང་གཏམ་གྱི་སྦྲང་ཆིང་ལི་མ་ཁྱེད་ལ་དྲངས་ཤིང་།ཡིད་ཀར་འོང་བའི་ཁྱེད་དང་མཉམ་དུ་གོམ་པ་ཡི་འདེགས་འཇོག་གཅིག་དུ་ཕྱིན་ནས།བཞུར་སྒྲ་འཇམ་པའི་ཆུ་བོ་དྭངས་མ་དང་།རིང་ཐུང་མཉམ་ལ་གྲལ་འགྲིག་ཅིང་གློག་འོད་ཀྱིས་བརྒྱན་པའི་ལྕང་མ་དེ་དག་གི་ཁྲོད་ནས།ཁྱེད་ཀྱི་འཇམ་ཤ་དོད་པའི་ངོ་གདོང་དེ་ལ་ཐུག་ཕོད་མི་ཕོད་བྱེད་པའི་སྐབས་དེར།བདག་གི་སེམས་སུ་ཤེས་ཐུབ་པ་ནི།འདས་ཟིན་པའི་ལོ་ཟླ་དང་ཡོལ་བཞིན་ད་ལྟ།གཟོད་ནས་བརྒྱུད་དགོས་པའི་མ་འོངས་པར་ཡང་།ཁྱེད་ནི་ངའི་བློ་ཡུལ་ལ་ཆེས་ཕུན་སུམ་ཚོགས་པ་དང་ངའི་སེམས་གཏིང་ནས་ཆེས་དགའ་སའི་བུ་མོ་དེ་ཡིན་འཁྲུལ་མེད་རེད།

    དུས་དང་སྐལ་བ་ད་དུང་བརྟན་གྱུར་ན།།

    ཚེ་ཡི་ལྷག་མར་བར་ཆད་མེད་སྲིད་ན།།

    སེམས་པ་གཅིག་དུ་སྦྲེལ་ནས་མཉམ་དུ་འཚོ།།

    མཐུན་པའི་ལྷ་མོ་ཁྱེད་ལ་ནམ་ཡང་དགའ།།

    སྙིང་ཉེ་མ།ཁྱེད་ཀྱིས་བདག་གི་བརྩེ་དུང་གི་རྣམ་ཤེས་ཕྲ་མོ་ཞིང་ཁམས་སུ་ཁྲིད་ནས།སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བ་མང་པོ་ཞིག ངའི་ལུས་ཀྱི་འབྱུང་ཁམས་དང་དབང་བོ་མཐའ་དག་ལ་ཁྱབ་དུ་བཅུག་པ་དང་།ཁྱེད་ཀྱིས་ང་ལ་ཁྱོད་ཀྱི་གྱོན་གོས་དེ་དག་ཚི་དྲེག་རེད་འདུག་ཅེས་བརྗོད་དུས།ང་ལ་ཁྱིམ་གཞིས་དྲོན་མོ་ཞིག་ན་ཁྱེད་དང་མཉམ་དུ་འཚོ་བ་རོལ་ཡོད་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བྱུང་།དུས་དེ་ནས་བཟུང་།ཁྱོད་ནི་ངའི་བརྩེ་དུང་གི་བར་སྟོང་ཁག་ན་བྲལ་དུ་མི་རུང་བའི་ཆ་ཤས་ཉག་གཅིག་དུ་གྲུབ་ཅིང་།འབྱུང་འགྱུར་དང་རེ་ལྟོས་ལ་མཛེས་སྡུག་གི་འཚོ་བ་སྐྲུན་པའི་སེམས་རྟེན་གཅིག་པུར་གྱུར་ཡོད་པ་ཁྱེད་ཀྱིས་ཤེས་སམ།སྙིང་སྡུག་མ།ཁྱེད་ཀྱིས་དྲན་ནམ།བདག་གིས་ཁྱེད་ཀྱི་གཙང་དག་ལ་དྲི་ཞིམ་པའི་ལག་ཟས་དེ་དག་ཟ་ཞོར།ཁྱེད་ཀྱི་འཛུམ་མདངས་དྲོན་མོར་བལྟས་ནས་འདུག་པ་ནི་ཅི་འདྲའི་བརྗེད་དཀའ་བ་ཞིག་རེད་ཨང་།བལྟས་ན་ཡིད་ལ་འབབ་ཆེ་བའི་ཁྱེད་ཀྱིས།སྨྱོ་རྟགས་འདྲ་མིན་བདག་ལ་སྟོན་བཞིན་བདག་གི་པང་དུ་འགྱེལ་ཁུལ་བྱས་རྗེས།ཡང་བསྐྱར་དགོད་སྒྲ་ཆེན་པོས་ཡར་ལངས་བ་དང་བདག་གི་རྐེ་ལ་འཐམ་ནས་དུང་བའི་དགོད་འཛུམ་སྟོན་པ་དེ་དག་ནི།ངའི་མི་ཚེའི་ཁྲོད་ཀྱི་ཆེས་མཛེས་སྡུག་གི་སྐབས་དང་ཆེས་བརྗེད་པར་དཀའ་བའི་དུས་སྐབས་ཤིག་ཅི་ལ་མིན།

  • ལེ་ཚན་སྔོན་མ།:དེ་རིང་ངས་མེ་ཏོག་མཐོང་བྱུང་།
  • ལེ་ཚན་རྗེས་མ།:ཁོ་བོ། གཏད་སོ་གནམ་ལ་མི་འདུག