གྲོང་ཁྱེར།

རེ་ནག་པོ།        2019-07-26

གྲོང་ཁྱེར་འདིར་མི་ཚོགས་ཀྱི་གྲིབ་མའི་འཁྱག་རོམ་འཕྱུར།

མིག་གི་ཁུང་བུ་རེ་རེའི་ནང་ནས་སྐད་ཆ་བརྡོལ།

ཡིད་གཉིས་སུ་བཞུར་བའི་ཆུ་བོ་དག་རབ་ཏུ་བྲུགས།

མཚན་མོ་ཕྱིར་ལོག་སའི་ཁང་ཆུང་དག་གི

ལྡེ་མིག་ཁོ་ན་བརྗེ་འཚོང་མེད་པར་ཉར།

གྲོང་ཁྱེར་འདིར་ལམ་ཕྲན་མང་བོ་ལག་རྡང་སྦྲེལ།

མི་ཚོགས་ཀྱིས་ཅི་ཞིག་བོར་སོང་བ་ལྟ་བུས།

ཁང་མིག་རེ་རེའི་སྒོ་སྒེའུ་ལས་སྐེ་སོ་བྱེད།

རང་གི་མཆིན་པར་གླན་པའི་དངུལ་ཁུག་ཁོ་ན།

རྒྱུ་མཚན་མེད་པར་གཞན་གྱི་མིག་སྔོན་ནས་རྔོགས་གཤེར་མི་བྱེད།

གྲོང་ཁྱེར་འདིར་ཆགས་སྡང་གི་ཁ་རླངས་འཐིབ།

དེའི་ནང་དུ་སྨིན་པའི་མི་ཚོགས་ཀྱི་བྲོ་བ་ཁ།

ཁོ་ཚོ་ཕན་ཚུན་ཆ་མེད་ཏག་ཏག་ཡིན་པས།

རང་གི་དཔུང་བར་བཏགས་པའི་ཆུང་མ་ཁོ་ན།

འབྲོག་ཁྱིའི་སྐེ་ཡི་འདོགས་ཐག་བཞིན་སིལ་སིལ་གྱིས་དྲུད་དེ་འགྲོ།

གྲོང་ཁྱེར་འདིར་རི་དྭགས་དམེ་བོ་ཞིག་དང་འདྲ་བའི།

འཕྱོན་མའི་ཚོགས་ཀྱི་སྟངས་ཀ་རྒོད་ཅིང་།

དེ་ཚོ་བཀྲུ་ཤད་ཀྱིས་དག་པས་ཀེང་རུས་ལས་ཅུང་ཙམ་སྤོམ།

ཁོ་མོ་ཚོས་རས་ཤམ་གྱིས་གཅུད་པའི་ལང་ཚོ་ཁོ་ན།

ལྟོ་རྒྱབ་གཉིས་ཀྱི་རྒྱལ་ཕམ་གྱི་གཡུལ་སར་བཤམས།

  • ལེ་ཚན་སྔོན་མ།: ལྷ་སྒང་རྩྭ་ཐང་གི་མཛེས་པ།
  • ལེ་ཚན་རྗེས་མ།:དེ་རིང་ངས་མེ་ཏོག་མཐོང་བྱུང་།