རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ།

    མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།    2019-07-24

   དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར2835ཟིན་ནས་དུས་མཚུངས་ལས2.1%འཕར་བ། ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་འཐེན་བཤེར་བྱས་པའི་སྤྱིའི་ཚད་ལོན་ཚད97%ཡན་དུ་བརྟན་པོ་གནས་པ། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས9.1%འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས0.8ཀྱིས་མཐོ་ཡོད་པ།

    སྤྱི་ཟླ7ཚེས20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ལོ་སྟོད་དུ་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་དུས་བབ་ལ་དམིགས་ནས་འཚོགས་པའི་ཡོང་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་པ་དང་། གྲུབ་ཆ་ལེགས་པ། སྤུས་ཚད་མཐོ་བ་བཅས་ཡིན་པས་འབྲུ་རིགས་ཀྱི་བདེ་འཇགས་རྨང་གཞི་བརྟན་པོ་ཡོད་པ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བས་རྒྱལ་དམངས་དཔལ་འབྱོར་མུ་མཐུད་དང་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་འགྲོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

     ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོད་པ་དང་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་ཞིང་། འདི་ལོའི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར2835ཟིན་པ་དང་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར58.6མང་དུ་ཕྱིན་ནས2.1%འཕར་ཡོད། མིག་སྔར་སྔ་སྨིན་འབྲས་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ་དང་སྟོན་འབྲུའི་ལོ་ཏོག་རྒྱུན་གཏན་ལྟར་སྐྱེ་འཚར་བྱུང་ནས་ལོ་འཁོར་མོའི་འབྲུ་རིགས་ཀྱི་ལོ་ལེགས་རྨང་གཞི་ལེགས་པོ་ཡོད། ཕག་པ་ཕུད་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་པ་སོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ནོར་ལུག་དང་བྱ་ཤའི་ཐོན་འབབ་ཏུན་ཁྲི1442ཟིན་ནས་དུས་མཚུངས་ལས4.3%འཕར་བ་དང་།དཀར་ཆུའི་ཐོན་འབབ་ཏུན་ཁྲི1326ཟིན་ནས་དུས་མཚུངས་ལས་1.7%འཕར་བ། ཆུ་ནང་ཐོན་རྫས་ཀྱི་ཐོན་འབབ་ཏུན་ཁྲི2770ཟིན་ནས་དུས་མཚུངས་ལས1.1%འཕར་བ་བཅས་རེད།

     ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱས་ནས་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དྲུག་པར་ཚོང་འདུས་ཁྲོམ་རའི་གྲོའི་རིན་གོང་རྒྱ་མ་རེར་སྒོར1.17ཟིན་ནས་དུས་མཚུངས་ལས2.5%ཆག་པ་དང་། ཚོང་འདུས་ཁྲོམ་རའི་འབྲས་སོབ་ཀྱི་རིན་གོང་རྒྱ་མ་རེར་སྒོར1.4ཟིན་ནས་དུས་མཚུངས་ལས4.1%ཆག་པ། ཚོང་འདུས་ཁྲོམ་རའི་མ་རྨོས་ལོ་ཏོག་གི་རིན་གོང་རྒྱ་མ་རེར་སྒོར1.02ཟིན་ནས་དུས་མཚུངས་ལས0.9%འཕར་བ་བཅས་རེད། ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་འཐེན་བཤེར་བྱས་པའི་སྤྱིའི་ཚད་ལོན་ཚད97%ཡན་དུ་བརྟན་པོ་གནས་ཡོད་པ་རེད།

    ཞིང་པའི་འབབ་འཕར“གཉིས་ལས་མཐོ་བ”རྒྱུན་འཁྱོངས་ཐུབ་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ཅུང་མྱུར་བའི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7778ཟིན་པ་དང་དངོས་སུ6.6%འཕར་ནས་GDPཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཕར་ཚད་ལས་བརྒྱ་ཆའི་གྲངས0.9ཡིས་མཐོ་བ་ཡོད།ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་བ་དེས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས9.1%འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས0.8ཀྱིས་མཐོ་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར6310ཟིན་ནས་6.4%དངོས་སུ་འཕར་བ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཕར་ཚད་ལས་བརྒྱ་ཆའི་གྲངས2.3གྱིས་མཐོ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སྤྱི་བདེ་པུས་དམངས་དང་ཁེ་ལས་ལ་ཕན་པའི་བྱ་ཐབས་ཁག60བཏོན་པ།
  • ལེ་ཚན་རྗེས་མ།:སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།